国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月13日

གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ།

ཟླ་1ཚེས་10ཉིན།གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་རྒྱལ་དར་དང་ཉེན་རྟོག་པའི་དར་ཆ་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ག་ཚགས་པར་དུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་10ཉིན།ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པ་འཆར་ཞིང་།ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་དམངས་ཉེན་རྟོག་པ་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

སྔ་དྲོའི་ཆུ་ཚོད་10པའི་ཐོག་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་།དེར་འདུས་ཉེན་རྟོག་པ་ཐམས་ཅད་བང་ལེགས་པར་བསྒྲིགས་ནས་རྒྱལ་དར་ལ་གུས་འདུད་དང་བཅས་སྤྱན་གཟིགས་གནང་བ་རེད།དེ་རྗེས།ཉེན་རྟོག་པའི་དར་ཆ་ཡང《ཀྲུང་གོའི་མི་དམངས་ཉེན་རྟོག་པའི་གླུ་དབྱངས》ཀྱི་འགྲོས་དང་བསྟུན་ནས་ག་ལེར་མཐོན་པོར་བསྒྲེངས་པ་དང་།མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་སྒམ་བརླིང་ནན་གསུམ་གྱི་སྒོ་ནས་རྩ་ཚིག་སྒྲོག་སྦྱངས་ཞུས་ཏེ་སྤྱི་བདེའི་མི་དམངས་ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།

“རྗེས་མར་ལས་ཀ་སྒྲུབ་དུས། ངས་མུ་མཐུད་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་མི་དམངས་ཀྱི་རེ་དོན་ཕྲག་ཏུ་བཏེགས་ནས་ཉེན་རྟོག་པའི་ཁས་བླངས་ལག་བསྟར་བྱ་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུད་ཉེས་དོན་མྱུལ་ཞིབ་ཉིང་ཁག་རུ་ཁག་གི་འགན་འཁུར་བ་བློ་བཟང་ཚུལ་ཁྲིམས་ཀྱིས་དེ་ལྟར་བཤད།

གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་སྤེལ་བའི“ཉེན་རྟོག་པར་ཞུགས་ནས་དམིགས་བསལ་ལོ་ཡུན་ཚང་བའི་དྲན་རྟེན་རྟགས་མ་སྤྲོད་པའི་མཛད་སྒོའི”ཐོག་སྤྱི་བདེའི་འཐབ་ས་མདུན་མར་ཕངས་མེད་ལེགས་སྐྱེས་འབུལ་མཁན་དང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པའི་འཐུས་ཚབ་མང་པོ་ཞིག་ལ་སོ་སོར་དབང་བའི་དྲན་རྟེན་རྟགས་མ་རེ་གསོལ་ཡོད། ཁོང་ཚོའི་ཁྲོད་ནས་ལ་ལས་གཞི་རིམ་དུ་སྡེ་ཁུལ་གྱི་བདེ་འཇགས་དོན་དུ་ནུས་པ་གང་ཡོད་བཏོན་ཡོད་ལ། ལ་ལས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་འཐབ་ས་མདུན་མར་བྱས་རྗེས་ཐེངས་མང་བཞག་ཡོད། ཁོང་ཚོའི་གཏམ་རྒྱུད་ནི་ཆབ་མདོའི་སྤྱི་བདེ་མི་སྣ་ཡོངས་ཀྱི་དཔེ་མཚོན་གསོན་པོ་ཞིག་ཡིན་ལ་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་ཡོངས་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བརྟན་པོར་འཆང་དགོས་པའི་སྐུལ་ལྕག་ཀྱང་གནང་ཡོད།

“ད་ལོར་ང་རང་ཉེན་རྟོག་པར་ཞུགས་ནས་ལོ་སུམ་ཅུ་སོ་བཞི་ལོན་སོང་། རྗེས་ཕྱོགས་ངས་མུ་མཐུད་ནས་སྤྱི་བདེའི་བྱ་གཞག་ལ་བསླུ་བ་མེད་པའི་ཐོག་ནས་རང་འཁྲི་ཐེག་པ་ཁུར་ལེན་གྱིས་ཆབ་མདོར་དུས་བདེ་ཞོད་འཇགས་ཡོང་ཕྱིར་ནུས་པ་འདོན་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་སྨན་མདའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་བཀྲ་ཉི་ཡིས་དེ་ལྟར་བཤད།

དེ་དང་ཆབས་ཅིག་ཏུ་ཇ་རྟའི་ཐང་ཆེན་དུའང་ཉེན་རྟོག་དམག་སྒར་སྒོ་དབྱེ་ཉིན་མོའི་བྱེད་སྒོ་སྤེལ་ཡོད།བྱེད་སྒོ་སྤེལ་ཡུལ་དུ། འགྲེམ་སྟོན་བྱ་ཡུལ་མང་པོ་ཞིག་བཀོད་སྒྲིག་བྱས་ཏེ་ཉེན་རྟོག་སྒྲིག་ཆས་དང་སྤྱི་བདེའི་ལས་ཀའི་གྲུབ་འབྲས། བདེ་འཇགས་འགོག་ཟོན་གྱི་ཤེས་བྱ་སོགས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས་པ་དང་། དམིགས་བསལ་གྱི་ཉིན་མོ་དེར་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཉེན་རྟོག་རུ་ཁག་གི་སྙིང་སྟོབས་དར་སྤེལ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད་པ་རེད།སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་རབ་ཏུ་འཁོལ་བའི་སྤྲོ་སེམས་དང་དཔའ་ངར་ཆེར་བསྐྱེད་ཀྱིས་སྤྱི་བདེ་ལས་དོན་ནང་ཞུགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲའུ་ཅི་ཞེ་ཝུན་ཀོང་དང་། གྲོང་སྤྱི་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་ཉི་མ་ཚེ་རིང་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།