《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་
བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(འདོན་ཐེངས2170ལ་མཐུད)
ལེའུ་གསུམ་པ། དོ་དམ་དང་ལྟ་སྐུལ།
དོན་ཚན་བཅུ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་གྱི་གཙོ་འགན་འཁུར་དགོས་ཤིང་། དེའི་འགན་འཁྲི་གཙོ་བོ་ནི།
(གཅིག) སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བྱ་གཞག་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་འཆར་གཞི་ལག་བསྟར་བྱ་རྒྱུའི་ལས་དོན་གྱི་འགན་འཁུར་རྒྱུ་དང་།
(གཉིས) ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ལ་རིམ་བགོས་དོ་དམ་དང་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུ་དང་། དེ་བཞིན་ཤང་(གྲོང་རྡལ)དང་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་ཚན་པར་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་སྤེལ་རྒྱུའི་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུ།
(གསུམ) ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་སྤེལ་མཁན་གྱི་གྲོང་ཚོའི་སྨན་པ་དང་ཁྱིམ་ཚང་གི་སྐྱེ་བསུ་བྱེད་མཁན་ལ་སྦྱོང་བརྡར་སྤྲས་ནས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཞབས་ཞུ་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ།
(བཞི) ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཞབས་ཞུ་སྒྲུབ་མཁན་སྨན་བཅོས་དང་འཕྲོད་སྦྱོར་ཚན་པ། དེ་བཞིན་དེའི་མི་སྣར་དོ་དམ་དང་ལྟ་སྐུལ་བྱ་རྒྱུ།
(ལྔ) ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་སྲིད་འཛིན་གྱི་ཁྲིམས་སྒྱུར་ཞིབ་བཤེར་བྱ་རྒྱུ་བཅས་སོ།
དོན་ཚན་བཅུ་གསུམ་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གཏོགས་ཁོངས་ནང་གི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ།
དོན་ཚན་བཅུ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ།
དོན་ཚན་བཅོ་ལྔ་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། བཟོ་ཚོགས། གུང་གཞོན་སྡེ་ཚོགས། དེ་བཞིན་ཡུལ་མི(གྲོང་མི)ཡུལ་མི་ཨུ་ཡོན་ལྷན་ཁང་སོགས་རྩ་འཛུགས་ཀྱིས་ངེས་པར་དུ་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། སྨན་བཅོས་དང་འཕྲོད་སྦྱོར་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ལ་འགན་འཁུར་དགོས་ཤིང་། སྨན་བཅོས་དང་འཕྲོད་སྦྱོར་ལས་དོན་ཚད་ལྡན་བཟོ་བ་དང་། སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཐབས་ཤེས་སྣ་ཚོགས་སྤྱད་དེ་མི་དམངས་མང་ཚོགས་ལ་སྟབས་བདེ་སྐྲུན་པ་བཅས་བྱས་ནས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་པའི་སྨན་བཅོས་དང་འཕྲོད་སྦྱོར་ཚན་པས་ངེས་པར་དུ་ཆེད་དོན་ཞབས་ཞུའི་འཁྲོལ་འཛིན་ཐོག་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཞབས་ཞུ་སྒྲུབ་དགོས། ཆེད་ལས་ལག་རྩལ་པར་རྫོང་རིམ་པ་ཡན་གྱི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ཞིབ་དཔྱད་བྱས་ནས་ཚད་གཞི་ལོན་རྗེས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལག་རྩལ་གྱི་འོས་བབ་ལག་ཁྱེར་སྤྲོད་དགོས།
དོན་ཚན་བཅོ་བརྒྱད་པ། སྨན་བཅོས་དང་འཕྲོད་སྦྱོར་ཚན་པ། དེ་བཞིན་མི་སྣ་བཅས་ཀྱིས་རྒྱུད་ནད་བརྟག་དཔྱད་དང་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་བྱེད་དགོས་ཚེ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་དགོས། གཉེན་སྒྲིག་མ་བྱས་གོང་གི་གསོ་རིག་བརྟག་དཔྱད་དང་། ཕྲུ་གུ་མ་སྐྱེས་གོང་གི་དབྱེ་བཤེར། ཕྲུ་གུ་སྐྱེས་རོགས་ཀྱི་ལག་རྩལ་ཞབས་ཞུ། ཕྲུ་གུ་འཁོར་རྗེས་སྐྱེ་རུ་མི་འཇུག་པ། སྐྱེ་སྒོ་བཀག་པའི་གཤགས་བཅོས་བཅས་བྱེད་དགོས་ཚེ་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་སྨན་བཅོས་དང་འཕྲོད་སྦྱོར་ཚན་པས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཐད་ལ་ལྟ་ཞིབ་ཚད་ལེན་དང་ལག་རྩལ་གྱི་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ།
དོན་ཚན་ཉི་ཤུ་པ། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་ལས་རིགས་ཀུན་སྤྱོད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ་དོ་བདག་གི་གནས་ཚུལ་རིགས་གསང་བ་སྲུང་དགོས།
འབྲེལ་ཡོད་གསོ་རིག་གི་དཔང་ཡིག་རྫུན་མའི་རིགས་སྤྲོད་མི་ཆོག
ཁྲིམས་འགལ་གྱིས་མངལ་ཆགས་ཕྲུ་གུ་ཕོ་མོ་གང་ཡིན་དཔྱད་འདོམས་བྱེད་མི་ཆོག
དོན་ཚན་ཉེར་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གསོ་རིག་ལག་རྩལ་གྱི་དཔྱད་འདོམས་རྩ་འཛུགས་བཙུགས་ཆོག་པ་དང་། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གཉེན་སྒྲིག་མ་བྱས་གོང་གི་གསོ་རིག་བརྟག་དཔྱད་དང་། རྒྱུད་ནད་བརྟག་དཔྱད། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་བཅས་བྱས་འབྲས་ལ་བསམ་འཆར་མི་འདྲ་བ་ཡོད་པར་གསོ་རིག་ལག་རྩལ་གྱི་དཔྱད་འདོམས་བྱེད་འགན་འཁུར་རྒྱུ།
གསོ་རིག་ལག་རྩལ་གྱི་དཔྱད་འདོམས་བྱེད་མཁན་ལ་ངེས་པར་དུ་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་གསོ་རིག་ཐད་ཀྱི་རྒྱུད་ནད་ཤེས་བྱ་ཡོད་དགོས་པ་མ་ཟད། གཙོ་བཅོས་སྨན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་དགོས།
གསོ་རིག་ལག་རྩལ་དཔྱད་འདོམས་རྩ་འཛུགས་དེ་མི་5ཡན་ལས་གྲུབ་དགོས་ཤིང་། དེ་ཡང་རིམ་པ་གཅིག་མཚུངས་ཀྱི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་འོས་མི་འོས་སྦྱོར་བྱ་རྒྱུ་དང་། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ནས་གདན་ཞུ་བྱ་རྒྱུ།
རང་སྐྱོང་ལྗོངས་གསོ་རིག་ལག་རྩལ་དཔྱད་འདོམས་ཨུ་ཡོན་ལྷན་ཁང་གིས་དཔྱད་འདོམས་བྱས་པ་དེ་མཐའ་མའི་དཔྱད་འདོམས་ཡིན།
ལེའུ་བཞི་པ། བྱ་དགའ་དང་ཆད་གཅོད།
དོན་ཚན་ཉེར་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་ངམ་ཡང་ན་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་སྟེ།
(གཅིག) ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལ་སྒྲིག་འཛུགས་འགོ་ཁྲིད་དང་། ལྟ་སྐུལ་དོ་དམ། ཞབས་ཞུ་བཅས་བྱེད་པའི་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་དང་།
(གཉིས) ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཐད་སྔོན་ཐོན་གོ་ཆོད་ལག་རྩལ་ཞིབ་འཇུག་ཁྱབ་གདལ་དང་། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཤེས་བྱ་ཁྱབ་གདལ། དེ་བཞིན་དྲིལ་བསྒྲགས་སློབ་གསོ་སྤེལ་བ་བཅས་བྱེད་པའི་ཁྲོད་ལེགས་སྐྱེས་མངོན་ཆེ་འབུལ་མཁན།
(གསུམ) མཐའ་མཚམས་ལུང་ཁུག་དང་། ས་ཁད་མཐོ་ཞིང་གྲང་ངར་ཆེ་བ། དབུལ་པོ་བཅས་ཀྱི་རྫོང་དང་། ཤང་(གྲོང་རྡལ)གྲོང་ཚོ་བཅས་སུ་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་ཀ་བྱས་ནས་ལོ་བཅུ་ཡན་སོང་བའམ་ཡང་ན་རྫོང་རིམ་པ་ཡན་དུ་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་ཀ་བྱས་ནས་ལོ་བཅོ་ལྔ་ཡན་སོང་བ་མ་ཟད། གྲུབ་འབྲས་ཡོད་མཁན་བཅས་སོ། །
དོན་ཚན་ཉེར་གསུམ་པ། སྨན་བཅོས་དང་འཕྲོད་སྦྱོར་ཚན་པའམ་ཡང་ན་མི་སྣས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལག་རྩལ་གྱི་བཀའ་འཁྲོལ་མ་བྱུང་བར། རང་འཚམ་གྱིས་གཉེན་སྒྲིག་མ་བྱས་གོང་གི་གསོ་རིག་བརྟག་དཔྱད་དང་། རྒྱུད་ནད་བརྟག་དཔྱད། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད། ཕྲུ་གུ་འཁོར་རྗེས་སྐྱེ་རུ་མི་འཇུག་པའི་གཤགས་བཅོས་དང་དེ་བཞིན་གསོ་རིག་ལག་རྩལ་གྱི་དཔྱད་འདོམས་བཅས་བྱས་པའམ་ཡང་ན་འབྲེལ་ཡོད་གསོ་རིག་གི་དཔང་ཡིག་བཏོན་ཚེ། འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་། ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་སྒོར་5000ཡན་ཟིན་པར་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆའི་ལྡབ་གསུམ་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་སྒོར་5000ཟིན་མེད་པར་སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ།
དོན་ཚན་ཉེར་བཞི་པ། བྱ་ཐབས་འདིའི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་ལས་འགལ་ཚེ་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་བརྡ་ཁྱབ་བཏང་སྟེ་སྐྱོན་བརྗོད་བྱེད་པའམ་ཡང་ན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་ཉེར་ལྔ་པ། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་གྱི་ལས་བྱས་བྱ་ཐབས་འདིའི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་ལས་འགལ་ཚེ་སྨན་བཅོས་དང་འཕྲོད་སྦྱོར་ཚན་པའམ་ཡང་ན་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཁྲིམས་ལྟར་ལས་གཉེར་གྱི་འོས་ཐོབ་མེད་པ་བཟོ་རྒྱུ།
དོན་ཚན་ཉེར་དྲུག་པ། སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་། སྨན་བཅོས་དང་འཕྲོད་སྦྱོར་ཚན་པའི་ལས་བྱས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ནང་རང་འགན་ཟོལ་འཇོག་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེ་དགའ་ཕྱོགས་ཞེན་བྱེད་པ་བཅས་ཀྱི་རིགས་ལ་དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ།
དོན་ཚན་ཉེར་བདུན་པ། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་མི་སྣས་གཞུང་དོན་བསྒྲུབ་རྒྱུར་འགོག་རྐྱེན་བཟོས་ཏེ། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ལས་འགལ་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་པར་རྩིས་སྤྲོད་རྒྱུ།
ལེའུ་ལྔ་པ། ཞར་བྱུང་།
དོན་ཚན་ཉེར་བརྒྱད་པ། བྱ་ཐབས་འདིའི་ནང་བརྗོད་པའི་སྨན་བཅོས་དང་འཕྲོད་སྦྱོར་ཚན་པ་ཞེས་པའི་ནང་རིམ་ཁག་མ་བུའི་འཕྲོད་སྦྱོར་ཚན་པ་དང་། འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ཆོག་མཆན་སྤྲད་པའི་ཐོག་དེབ་སྐྱེལ་ཐོ་འགོད་བྱས་པའི་སྨན་བཅོས་ཚན་པ་དང་དེ་བཞིན་འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུའི་ཚན་པ་བཅས་ཚུད་ཡོད།
དོན་ཚན་ཉེར་དགུ་པ། བྱ་ཐབས་འདི་ལག་བསྟར་བྱེད་རིང་འཕྲད་པའི་ཞིབ་ཕྲའི་གནད་དོན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།
དོན་ཚན་སུམ་ཅུ་པ། བྱ་ཐབས་འདི་1999ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱས། (རྫོགས་སོ)

