国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月09日

ཆབ་མདོས་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་རྒྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དགུན་ཁའི་དྲོད་འཇམ་གྱི་ཉི་འོད་དེ་བོད་ཤར་གྱི་ས་གཞི་ཆེ་མོའི་ཐོག་ཏུ་འཕྲོས་ཏེ་གྲོང་ཚོ་གང་སར་སྤྲོ་སྣང་གི་རྣམ་པས་ཁེངས་ནས་ཡོད། ཉེ་ཆར། ཁ་རུབ་ཆུས་མདའ་རོ་གྲོང་ཚོ་དང་། རི་བོ་ཆེ་རྫོང་རྟ་ཕྱི་གྲོང་ཚོ། སྟེང་ཆེན་རྫོང་ཞེ་གཞུང་ཤང་བཅས་ཀྱི་གྲོང་མི་ཚོ་ལྷན་གཅིག་ཏུ་འཛོམས་ཏེ་མཉམ་སྡེབ་དཔལ་འབྱོར་བགོ་འགྲེམས་རྒྱག་པའི་མཛད་སྒོ་འཚོགས་པ་རེད།

ཁ་རུབ་ཆུས་མདའ་རོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བགོ་འགྲེམས་ཡུལ་དངོས་སུ། འབྲས་དང་གྲོ་ཞིབ། ཟས་སྣུམ་བཅས་སྒྲིག་ཅིང་གྲོང་མི་ཚོས་གོ་རིམ་ལྡན་པའི་ངང་དངོས་ཟོག་ལེན་བཞིན་ཡོད། ཚང་མས་ཏང་གི་དམངས་ཕན་སྲིད་ཇུས་གླེང་ཞིང་སེམས་ལ་དྲིན་ཚོར་གྱིས་ཁེངས་པ་མ་ཟད་འབྱུང་འགྱུར་གྱི་མཛེས་སྡུག་གི་འཚོ་བར་ཡིད་ཆེས་དང་སྤོབས་པས་བརྟས་ནས་ཡོད། “ཐེངས་འདིའི་བགོ་འགྲེམས་དེ་གྲོང་ཚོ་ཡོངས་ཀྱི་དུད་ཁྱིམ110ཁེབས་ཡོད་ལ་མི་རེར་ཆ་སྙོམས་ཀྱིས་རྒྱ་མ100ཅན་གྱི་གྲོ་ཞིབ་དང་། རྒྱ་མ150ཅན་གྱི་འབྲས། ཟས་སྣུམ་ཟོ2བཅས་བགོས་ཡོད། ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བགོ་འགྲེམས་དེ་རྒྱུན་མཐུད་ནས་ལོ་བདུན་ནས་བརྒྱད་བར་ཡིན་ཞིང་། འདི་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་ཁ་འབྲལ་ཐབས་མེད་ལ། གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོས་ཧུར་ཐག་འབད་བརྩོན་གྱི་རྔུལ་ཁྲག་དང་ཡང་འབྲལ་ཐབས་མེད།”ཅེས་གྲོང་མི་དོན་གྲུབ་རྒྱ་མཚོས་དེ་ལྟར་བཤད།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཤེས་རྟོགས་བྱུང་བར་གཞིགས་ན། མདའ་རོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐེངས་འདིར་རིན་ཐང་ཁྱོན་སྒོར637420བགོ་འགྲེམས་བྱས་པ་དང་། འཚོ་བའི་དངོས་ཟོག་རིན་ཐང་སྒོར374920 དུད་ཁྱིམ102ཀྱི་གྲོང་མིའི་དུད་ཁྱིམ་རེ་རེ་ཡིས་དངུལ་སྨར་སྒོར2500ལེན་རྒྱུ་བྱུང་བ་སོགས་ཁྱོན་སྒོར262500ཟིན་ཡོད།

རི་བོ་ཆེ་རྫོང་རྟ་ཕྱི་གྲོང་ཚོ་རུ། གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་གྲོང་སྡོད་ལས་དོན་རུ་ཁག་དེ་བཞིན་དུད་ཁྱིམ243གྱི་མང་ཚོགས་མཉམ་དུ་འཛོམས་ཤིང་ས་གནས་ཀྱི་འདུ་འཛི་འཁྲུག་པོ་ཡོད།“བགོ་འགྲེམས་བྱས་པ་དེས་ང་རང་སེམས་པ་ཧ་ཅང་དགའ་པོ་བྱུང་སོང་། འདི་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཡིན་པས་ལྷག་བསམ་རྣམ་དག་གིས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། མཉམ་ལས་ཁང་གི་དཀའ་སྤྱད་འབད་འཐབ་དང་རོགས་རམ་ལ་ཡང་ཐུགས་རྗེ་ཆེ་ཞུ། ང་ཚོའི་མཉམ་ལས་ཁང་གི་འཕེལ་རྒྱས་སྔར་ལས་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་རྟ་ཕྱི་གྲོང་ཚོའི་གྲོང་མི་བློ་བཟང་བདེ་ཆེན་གྱིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།

རི་བོ་ཆེ་རྫོང་རྟ་ཐོག་ཉི་འོད་འཛུགས་སྐྲུན་ཚོང་དོན་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སྐལ་བཟང་དོན་གྲུབ་ཀྱིས“མཉམ་ལས་ཁང་དེ2012ལོར་བཙུགས་པ་དང་། དང་ཐོག་ཁོངས་མི3ནས5བར་མ་གཏོགས་མེད་ལ་གསར་འཛུགས་ཀྱི་མ་དངུལ་སྒོར་ཁྲི30ཡས་མས་ཟིན། 2025ལོར་སླེབས་སྐབས། རྒྱལ་ཁབ་རིམ་པའི་མཉམ་ལས་ཁང་དུ་འཕེལ་རྒྱས་བྱུང་བ་རེད། མིག་སྔའི་བར་ང་ཚོས་བགོ་འགྲེམས་མཛད་སྒོ་ཐེངས8འཚོགས་པ་དང་། 2025ལོའི་བགོ་འགྲེམས་མ་དངུལ་སྒོར་ཁྲི43ལྷག་ཟིན་ཏེ་གྲོང་མི240ཡས་མས་ལ་ཕན་ཁེ་ཐོབ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

སྟེང་ཆེན་རྫོང་ཞེ་གཞུང་ཤང་གིས་ཀྱང2025ལོའི་མཉམ་སྡེབ་དཔལ་འབྱོར་བགོ་འགྲེམས་ཀྱི་མཛད་སྒོ་འཚོགས་པ་རེད། ཡུལ་དངོས་ཐོག་མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཤིང་གོ་རིམ་ལྡན་པའི་ངང་ཐོ་འགོད་དང་། མིང་འགོད་སོགས་ཀྱི་བརྒྱུད་རིམ་བསྒྲུབས་ཏེ་རིམ་པ་བཞིན་དུ་བགོ་འགྲེམས་དངུལ་སྨར་དང་འཚམས་འདྲིའི་དངོས་ཟོག་ལེན་པ་རེད། ཡུལ་དངོས་ཐོག་དེ་དང་ཆབས་ཅིག་ཏུ་གཅེས་སྐྱོང་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་། འཚམས་འདྲིའི་དངུལ་སྨར་དེ་བཞིན་དངོས་ཟོག་རིན་ཐང་སྒོར་ཁྲི2ཟིན་ཏེ་གྲོང་མི་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དྲོན་མོ་ཚོར་ཐུབ་ཡོད།

ཞེ་སྨད་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨུ་རྒྱན་ཐར་པ་ཡིས“སྟེང་ཆེན་རྫོང་ཨུད་དང་རྫོང་སྲིད་གཞུང་། ཞེ་གཞུང་ཤང་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་འོག་ང་ཚོའི་བྱེ་ཟེགས་ཐང་དང་། རྩྭ་འདེབས། དྲོད་ཁང་སོགས་རྣམ་གྲངས་ཀྱིས་མང་ཚོགས་ལ་སྒོར་ཁྲི80བགོ་འགྲེམས་བྱེད་ཐུབ་པ་བྱུང་ཡོད། དངོས་ཕན་འདི་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་པས། ཏང་གི་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་དགའ་སྤྲོ་ཆེན་པོས་བཤད།