ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་ཚོགས་འདུ་ཚེས5ཉིན་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་ཞིང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་དྲིལ་སྒྲོག་སློབ་གསོ་ཟབ་སྤེལ་བྱེད་པར་ཤུགས་སྣོན་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་གཙོ་བོ་ཆེ་རུ་གཏོང་བ། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་པ་དང་། ཤུགས་ཆེན་པོས་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། ཤུགས་ཆེན་པོས་ཀྲུང་ཧྭའི་ཤེས་དཔལ་གྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ།རིག་གནས་ཆ་རྐྱེན་ལེགས་པོ་བཅས་མཁོ་འདོན་བྱེད་དགོས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཚའེ་ཆི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་རབ་དང་རིམ་པར་གཙོ་སྐྱོང་བྱས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཆགས་ཤིང་། དུས་རབས་གསར་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྣེ་ཁྲིད་བྱས་ཡོད། སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་སྔར་བས་དམ་འཛིན་བྱས་ཏེ། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་མགོ་ལེགས་པོར་ཚུགས་པར་སྐུལ་འདེད་གཏོང་དགོས།
ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་བསྐྱེད་བྱས་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས། གསར་འགྱུར་གླེང་ཕྱོགས་གྱི་ལས་དོན་ལེགས་པོར་བསྒྲུབས་ནས། དཔལ་འབྱོར་དྲིལ་སྒྲོག་དེ་གལ་ཆེའི་གོ་གནས་སུ་བཞག་སྟེ། གླེང་ཕྱོགས་འཕྲལ་བསྟུན་དང་གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་བསྣན་ནས་འདུ་ཤེས་རྣམ་པའི་བྱ་བའི་འགན་འཁྲི་ལམ་ལུགས་གཟབ་ནན་དུ་གཏོང་བ་དང་། རང་རྟོན་རང་སྟོབས་ཇེ་ཆེར་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་སྲ་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྣེ་ཁྲིད་ནུས་པ་དང་གསར་སྐྲུན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་བསམ་བློའི་ཆབ་སྲིད་ལས་དོན་ལེགས་པོར་སྒྲུབ་པར་སྐུལ་འདེད་གཏོང་དགོས། རིག་གནས་སྒྲིག་གཞིའི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་གསར་དར་རིག་གནས་ཀྱི་ལས་རྣམ་འཕེལ་རྒྱས་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དོན་དངོས་དང་ལངས་གཟུགས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བརྗོད་དགོས། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད། བྱ་བར་བཀོད་སྒྲིག་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ཞིབ་འཇུག་དང་སྒྲོག་འགྲེལ་གཏིང་ཟབ་ཏུ་གཏོང་བ། སྨྱན་བྱད་གཙོ་བོའི་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ།སྦྲེལ་དྲའི་ཆ་རྐྱེན་འོག་གི་མང་ཚོགས་ཀྱི་རིག་རྩལ་གསར་པ་དར་རྒྱས་སུ་གཏོང་བ། ཤུལ་བཞག་རིག་གནས་ལ་མ་ལག་རང་བཞིན་གྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་དཔེ་ཀློག་དང་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཁྱབ་སྤེལ་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགན་འཁྲི་འདུ་ཤེས་མཐོན་པོར་བརྟེན་ནས་ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་དགོས།
ཐའེ་ཉིང་དང་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས་ཡོད་པ་རེད།

