国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月09日

སྟེང་ཆེན་རྫོང་གི་ལྷ་མཐོང་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་ཐུབ་པ།

འདི་ནི་སྟེང་ཆེན་རྫོང་ལྷ་མཐོང་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་ཐུབ་པའི་མཛད་སྒོ་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས1ཉིན། སྟེང་ཆེན་རྫོང་གིས་ལྷ་མཐོང་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་ཤིང་། མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་ཟམ་ཆེན་དེས་ས་གནས་དེ་གའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད10པར། སྟེང་ཆེན་རྫོང་གི་ལྷ་མཐོང་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་ཐུབ་པའི་མཛད་སྒོ་སྤེལ་ཡུལ་དུ་མི་ཚོའི་དགའ་སྤྲོའི་དགོད་སྒྲ་ཡང་ཡང་གྲགས་ཤིང་། རླངས་འཁོར་ཁག་དང་པོ་རྣམས་ག་ལེར་ཡངས་ཤིང་རྒྱ་ཆེ་བའི་ཟམ་ངོས་གསར་པའི་ཐོག་ནས་སོང་བ་དང་། མང་ཚོགས་མང་པོ་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་ཐུབ་པ་ལས་བྱུང་བའི་དགའ་སྤྲོ་ཉམས་སུ་མྱོང་བར་ཕེབས་ཡོད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀརྨ་ཚེ་རྒྱལ་གྱིས“ལྷ་མཐོང་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་བྱུང་བ་མ་ཟད་བདེ་འཇགས་ལའང་འགན་སྲུང་ཡོད་པས། ངས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མི་དམངས་མང་ཚོགས་ཀྱི་ཚབ་ཞུས་ནས་ཏང་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྤྲོ་སེམས་ཆེན་པོས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་མཐོང་ཟམ་ཆེན་ནི་སྟེང་ཆེན་རྫོང་ལྷ་མཐོང་ཁུལ་གསར་དང་གྲོང་ཁུལ་གཙོ་བོ་སྦྲེལ་མཐུད་བྱེད་པའི་“དར་རྒྱས་ལམ་བུ”ཞིག་ཡིན་ལ། དམངས་འཚོའི་ཐད་ཀྱི་རེ་སྒུག་ཆེན་པོ་བྱེད་པའི“སེམས་སྦྲེལ་ཟམ་པ”ཞིག་ཀྱང་རེད། ལས་གྲྭར་མ་དངུལ་སྒོར་ཁྲི9660.13བཏང་ནས་བྱང་ཕྱོགས་སུ་རྒྱལ་ལམ317ལ་སྦྲེལ་མཐུད་བྱས་པ་དང་། སྤྱིའི་རིང་ཚད་ལ་སྨི387ཡོད་པ་དེའི་ནང་ཟམ་པ་གཙོ་བོའི་རིང་ཚད་ལ་སྨི240དང་། ཟམ་ངོས་ཀྱི་ཞེང་ཚད་ལ་སྨི20ཡོད་པས་ཕྱོགས་གཉིས་པོར་ཁྱོན་འཁོར་ལམ་བཞི་ཇུས་འགོད་བྱས་ནས་བསྐྲུན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། སྟེང་ཆེན་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། དངོས་གཉེར་གནད་སྨིན་གྱི་རྣམ་གྲངས་ལ་བརྟེན་ནས་རྫོང་ཁོངས་འཕེལ་རྒྱས་གཏོང་བར་འཆར་འགོད་སྣེ་ཁྲིད་བྱས་པ་རེད། ལྷ་མཐོང་ཟམ་ཆེན་ཐོག་འཁོར་རིགས་ཤར་གཏོང་ཐུབ་པ་དེས་རྫོང་ཁོངས་འགྲིམ་འགྲུལ་གྱི་རྣམ་པ་ལེགས་སུ་བཏང་བ་མ་ཟད། བོད་ཤར་ས་ཁུལ་གྱི་ཐོན་གྲོང་མཉམ་འདྲེས་དཔེ་སྟོན་ཁུལ་གཏོད་པར་སྒྲིག་བཀོད་ཀྱི་རྨང་གཞི་བརྟན་པོ་བཏིང་ནས། “སེམས་སྦྲེལ་ཟམ་པ”འདི་དངོས་སུ་མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་ལམ་བུ”དང་“ཕྱུག་འགྱུར་ལམ་བུ”ཞིག་ཏུ་འགྱུར་བ་བྱས་པ་རེད།

རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་སྤེལ་ཡུལ་དུ། ཚབ་སྐྲུན་ཁེ་ལས་ཀྱི་འཐུས་མི་དང་། ཨར་སྐྲུན་བཟོ་པའི་འཐུས་མི། བོད་སྐྱོར་ལས་བྱེད་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་མཉམ་དུ་འཛོམས་ནས། དམངས་འཚོར་ཕན་པ་འདོགས་པ་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་དུས་ཚོད་བཟང་པོ་དེར་མཉམ་དུ་བདེན་དཔང་བྱས་པ་རེད།