国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月09日

གོ་འཇོ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཞབས་ཞུ་ལྟེ་གནས།

ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་དངོས་སུ་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གོ་འཇོ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཞབས་ཞུ་ལྟེ་གནས་དེ་ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་ཏེ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། སྒྲིག་ཆས་ཡག་པོ་དང་ཁོར་ཡུག་སྐྱིད་པོའི་ཐོག་ནས་ས་གནས་དེ་གའི་དམིགས་བསལ་དཀའ་ངལ་ཡོད་པའི་བགྲེས་སོང་རྣམས་ལ་སྣང་བ་སྐྱིད་པོ་དང་བདེ་འཇགས་ལྡན་པའི“བདེ་སྐྱིད་ཁྱིམ་གཞིས”ཤིག་བསྐྲུན་པ་རེད།

རིམ་སྤོར་བྱས་རྗེས་ཀྱི་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བསྐྱོད་པ་ན། གང་སར་ཆེད་དུ་བགྲེས་སོང་རྣམས་ལ་སྦྱར་བའི་སྒྲིག་ཆས་དག་མཐོང་ཐུབ་ཀྱིན་ཡོད། ཁང་པའི་ནང་དུ་བར་ཁྱམས་སུ་འདྲེད་འགོག་སོ་ཕག་བཏིང་བ་དང་། སྤྱི་པའི་ས་ཁོངས་སུ་འདྲེད་འགོག་ས་གདན་བཏིང་སྟེ་འགོ་ཁུངས་ནས་བགྲེས་སོང་རྣམས་སར་འགྱེལ་བའི་ཉེན་ཁ་ཆུང་དུ་བཏང་བ་རེད། བར་ཁྱམས་དང་། གསང་སྤྱོད་སོགས་གནད་འགག་ཆེ་སར་ལག་སྐྱོར་བསྒར་ནས་བགྲེས་སོང་རྣམས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཡོང་བ་བྱས་པ་རེད། ཁང་པའི་ཕྱི་རོལ་གྱི་ས་ཁོངས་སུ་བསྐྱར་དུ་འཆར་འགོད་བྱས་ཏེ་སྔོ་འགྱུར་ཡུལ་ལྗོངས་གསར་སྣོན་བྱས་ནས་བགྲེས་སོང་རྣམས་ཕྱི་རོལ་དུ་འགྲོ་མི་དགོས་པར་རང་ཉིད་ཀྱི་ཁྱིམ་དུ་ཡིད་དུ་འོང་བའི་ཡུལ་ལྗོངས་མཛེས་པོ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་རེད།

“རྒན་གསོ་ཁང་དུ་མེ་ཏོག་འདེབས་ས་ཡོད་པ་དང་། ཁོར་ཡུག་སྐྱིད་པོ་ཡོད་པ། ཉལ་ཁང་དུ་ཆུ་ཚ་པོས་གཟུགས་པོ་བཀྲུ་ཆོག་པ། བཟའ་བཏུང་དང་སྡོད་ཁང་ཐད་སེམས་ཁྲལ་དགོས་ཀྱི་མི་འདུག” ལྟེ་གནས་སུ་སྡོད་མཁན་བགྲེས་སོང་ཨ་འཇམ་གྱིས་དགའ་ཚོར་ཆེན་པོའི་ངང་ནས“རྒན་གསོ་ཁང་དུ་འཚོ་བར་ཆེད་ལས་ཀྱི་ལྟ་སྐྱོང་བྱེད་མཁན་ཡོད་པས། བགྲེས་སོང་རྣམས་ལ་ནད་ཕོག་སྐབས་ཡིན་ནའང་ཆབ་མདོ་དང་ལྷ་ས། ཐ་ན་ལྗོངས་ཕྱིར་སྨན་བཅོས་བྱེད་སར་ཁྲིད་མཁན་ཡོད་པས་ང་ཚོ་སེམས་པ་ཧ་ཅང་དགའ་པོ་བྱུང”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི1047.32བཏང་ཞིང་། སྒྱུར་བཀོད་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5731.86ཡོད་པ་དེ་ཐོག་ཁང་གཙོ་བོ5དང་འབྲེལ་ཡོད་ལྷན་སྦྱར་སྒྲིག་བཀོད་ལ་ཁྱབ་ཡོད་པ་རེད།