“ཚང་མས་འབད་འབུངས་ཡར་བརྩོན་བྱེད་པ་དང་དཀའ་སྤྱད་ལེགས་སྐྱེས་ཕུལ་བར་བརྟེན། ད་གཟོད་དར་རྒྱས་གོང་འཕེལ་གྱི་ཀྲུང་གོའི་རྣམ་པ་འདི་འདྲ་བཏོད་ཐུབ་ཡོད”ཅེས་པ་འདི་ནི་མི་སེམས་དྲོས་ཤིང་བརྩེ་སེམས་ཟབ་པའི་གུས་ལན་ཞིག་རེད།
“ཕུགས་འདུན་གྱི་ཆེད་དུ་མཉམ་དུ་འབད་འཐབ་དང་བདེ་སྐྱིད་ཀྱི་ཆེད་དུ་མཉམ་དུ་འབད་འབུངས་བྱས་ཏེ། བརྗིད་ཆེའི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས”ཞེས་པ་འདི་ནི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་པའི་ཐུགས་རེ་ནན་པོ་ཞིག་རེད།
ལོ་གསར་པའི་སྔ་ནུབ་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ནས། སྤྱིར་བཏང་གཏན་ནས་མིན་པའི་འདས་ཟིན་པའི་ལོ་5ལ་ཕྱིར་དྲན་དང་བརྗེད་པར་དཀའ་བའི་འདས་སོང་གི་ལོ་གཅིག་ལ་ཕྱོགས་སྡོམ་གནང་སྟེ། དཀའ་བ་སྤྱད་ནས་ལེགས་སྐྱེས་འབུལ་མཁན་གྱི་འབད་འཐབ་པ་ཚང་མར་གུས་འདུད་ཞུས་གནང་བ་དང་། “ཀྲུང་གོའི་ངོ་མཚར་གྱི་ལེའུ་གསར་པ་མུ་མཐུད་རྩོམ་པར”དམིགས་ནས་འགོ་ཚུགས་ལོར“དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཐོག གདེང་ཚོད་བརྟན་གཏོང་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་དགོས་པའི”སྐུལ་ལྕག་གནང་ཡོད།
དུས་ཚོད་ཆུ་མོ་བཞིན་རྒྱུག་རུང་ནམ་ཡང་འབད་འཐབ་བྱེད་དགོས་པ་དང་། རྒྱང་ལམ་རིང་མོར་མུ་མཐུད་འབད་འབུངས་ཡར་བརྩོན་བྱེད་དགོས།
ང་ཚོ་མཉམ་དུ་བསྐྱོད་ཟིན་པའི་ལོ་5ཡི་རིང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུས་ནས།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་གསར་པ་བརྟན་པོ་སྤོས་ཤིང་། མི་ཚང་མ་ནི་དངོས་སུ་བརྒྱུད་མྱོང་མཁན་དང་དཔང་པོ་བྱེད་མཁན་ཡིན་ལ། འབད་འཐབ་བྱེད་མཁན་དང་ཕན་པ་ཐོབ་མཁན་ཡང་རེད།
ཞུམ་མེད་མདུན་སྐྱོད་བྱེད་རིང་རྣམ་པ་གསར་པ་བཏོད་པའི་ང་ཚོའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་ཡོད།
དཔལ་འབྱོར་བསྡོམས་འབོར་བསྟུད་མར་འགག་སྒོ་གསར་པ་ལས་བརྒལ་ནས་རང་རྒྱལ་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་པ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོའི་བཟང་ཆ་མངོན་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། དམངས་འཚོ་འགན་སྲུང་དེ་བས་ཤུགས་དང་ལྡན་པ་བཅས་ལས་མི་དམངས་དུང་ཕྱུར་མང་པོར་ངར་ཤུགས་དང་། རེ་བ། རེ་ལྟོས་སོགས་བྱུང་ཡོད།
སྤྱི་ལེ་ངོས་གྲུ་ཁྲི་960ལྷག་ཙམ་ཟིན་པའི་ཀྲུང་གོའི་ས་གཞི་ཆེན་པོར་ལྟ་སྐབས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་འགོད་པ་དང་། ཚན་རྩལ་གྱི་རླབས་རྒྱུན་དང་དམངས་འཚོའི་རྒྱུགས་ལན་ལ་བརྟེན་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལེའུ་མཉམ་དུ་རྩོམ་བཞིན་ཡོད་པས། ཀྲུང་གོ་མི་དམངས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་སུས་ཀྱང་འགོག་ཐབས་བྲལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར། “ཞུམ་མེད་མདུན་སྐྱོད་བྱེད་རིང་ང་ཚོའི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་སྔར་བས་ཆེ་རུ་ཕྱིན་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་ཆོད་སེམས་ཆེ་རུ་དང་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ཡོད”
གནོན་ཤུགས་ཁྲོད་གསར་གཏོད་དང་སྤུས་ཚད་ལེགས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་རིང་ང་ཚོའི་བློ་ཁ་དེ་བས་ཡངས་སུ་ཕྱིན་ཡོད།
ལ་ཆེན་པོར་མ་འཛེགས་ན་དཀའ་བ་མི་ཤེས། དཀའ་ངལ་གྱི་མདུན་དུ་ཀྲུང་གོས་འཛམ་གླིང་གི་དོ་ཁུར་ལ་བློ་རྩ་བརྟན་པོས་ལན་བསློགས་ཡོད།
བློ་རྩ་བརྟན་པོ་འདི་ནི་འགྱུར་ལྡོག་ཆེ་བའི་སྒོ་ཁྲལ་འཁྲུག་རྩོད་དང་ཚོང་དོན་འཁྲུག་རྩོད་འོག “ང་ཚོའི་ཞུམ་མེད་སྟོབས་ཤུགས་གང་ལེགས་མངོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་འཇོག་ཐོབ་པ”དང་། “གཡོལ་ཐབས་མེད་པའི”འདིང་རྩའི་འགལ་བ་དང་གནད་དོན་ལ་ཁ་གཏད་གཅོག་རིང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མཉེན་ཤུགས་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་མེད་རང་བཞིན་སྣ་ཚོགས་ལ་ཁ་གཏད་བཅག་པ། ས་ཡོམ་དང་། ཐན་སྐྱོན། ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེའི་མདུན་དུ“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ”དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་ཚེ་ང་ཚོ་ཟང་ཟིང་ཡོ་ལང་ཁྲོད་ཀྱང་བརྟན་པོར་གནས་པ་དང་། རྦ་རླབས་འཇིགས་སུ་རུང་ཡང་མི་ཕམ་པར་གནས་ཐུབ་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། དུས་བབ་ལ་འགྱུར་ལྡོག་ཆེ་ནའང“ངལ་བ་བརྒྱ་ཕྲག་ཐུག་ཀྱང་སྟོབས་ལྡན་པས། ཤར་ལྷོ་ནུབ་བྱང་རླུང་ལ་འཛེམས་དོན་ཅི”ཞེས་པ་ལྟར། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རང་ངོས་ཀྱི་དོན་དག་ལེགས་པར་བསྒྲུབས་ཚེ་ང་ཚོར་གདེང་ཚོད་བརྟན་ཤོས་དང་ཡིད་ཆེས་ཆེ་ཤོས་ཡོང་ངེས་རེད།
དཔའ་ངར་ཆེན་པོས་འབད་འབུངས་བྱེད་རིང་ནུས་པ་གསོག་འཇོག་བྱས་པས་ང་ཚོའི་སྟོབས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།
འཕོ་འགྱུར་དངོས་སུ་བརྒྱུད་མྱོང་ཚེ“ལོ་རྒྱུས་ནི་མི་དམངས་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན་པར”ངོས་འཛིན་དེ་བས་ཟབ་མོ་བྱུང་ནས། མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་དེ་བས་ཆེན་པོ་འཕེལ་ཐུབ། རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོའི་ཐོག་གི“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་འགོག་ཐབས་མེད། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་རླབས་ཆེན་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་རེད”ཅེས་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ལས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
བརྗིད་ཉམས་ཆེ་བའི་ཀྲུང་ཧྭ། ནང་དོན་ཟབ་པའི་རིག་གནས། དེང་གི་ཀྲུང་གོར་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ལས་བཀྲག་མདངས་འཚེར་བ་དང་། སྲོལ་རྒྱུན་རྒྱུན་འཛིན་བྱེད་རིང་མདུན་སྐྱོད་ཀྱི་གདེང་ཚོད་འཕེལ་བ། “ཀྲུང་གོའི་ལམ་བུར”བརྟན་པོ་སྐྱོད་པ་དང་། “ཀྲུང་གོ་སྐྱོང་ལུགས”ལ་སྐུལ་འདེད་གཏོང་བ། “ཀྲུང་གོའི་རིགས་པའི་གཞུང་ལུགས”མངོན་པ་བཅས་བྱེད་རིང་འབྱུང་འགྱུར་ལ་སྣེ་ཁྲིད་ཐུབ་ཡོད།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ནི་མི་རབས་ནས་མི་རབས་བར་འབད་འཐབ་བྱེད་རིང་རྒྱུན་ཆད་མེད་པར་བཞུར་བཞིན་ཡོད། ལོ་ངོ་བརྒྱ་ལྷག་ཙམ་གོང་གི་ཉམས་རྒུད་ནས་ད་ཆའི་དར་རྒྱས་གོང་འཕེལ་བར། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མི་རྣམས་ཧང་སངས་དགོས་པའི་བྱས་རྗེས་ངོ་མཚར་ཅན་བཏོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་བསྐྱོད་ཡོད།
མདུན་དུ་སྐྱོད་པར་ང་ཚོས་གང་ཞིག་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་དགོས། གང་ཞིག་ལ་བརྟེན་ནས་མུ་མཐུད་ངོ་མཚར་ཆེ་བའི་གཏམ་རྒྱུད་རྩོམ་དགོས།
ད་ལྟའི་དུས་སུ་དྲིས་ལན་ནི་ཧ་ཅང་གསལ་པོ་ཡིན་ཏེ། དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གཏོད་པ་དང་། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་བརྩོན་ལེན་བྱེད་པའོ།
(མི་དམངས་ཉིན་རེའི་ཚགས་པར་ལས་དྲངས)

