འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ12པའི་ཚེས31ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཆབ་མདོ་གྲོང་ཁྱེར་ཕྱོགས་བསྡུས་ཞིང་ཞོར་ཉོ་འཚོང་ཁྲོམ་ར་དང་། གཉིས་ཁེ་གཉིས་ཕན་སྒོ་རྩིས་ཚོང་ཁང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་དང་དམངས་ལ་སྟབས་བདེ་སྤྲོད་པའི་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ཏེ་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་། རིན་གོང་བརྟན་པོ། བདེ་འཇགས་ཐོན་སྐྱེད་ལས་དོན་བཅས་ལ་ཞིབ་བཤེར་དང་བརྟག་ཞིབ་གནང་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་ཕྱོགས་བསྡུས་ཞིང་ཞོར་ཉོ་འཚོང་ཁྲོམ་ར་རུ། ལའོ་ཆིན་འུའུ་ཡིས་དངོས་ཟོག་གསོག་འཇོག་དང་རིན་གོང་ལྟ་ཞིབ་ཚད་ལེན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཟོག་ཁུངས་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། བཟའ་བཅའི་ཐོན་ཁུངས་སོགས་ཀྱི་བདེ་འཇགས་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ། “ཤ་ཚལ་སྒོང་གསུམ”གྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་དགོས་པའི་ནན་བཤད་གནང་ཡོད།
གཉིས་ཁེ་གཉིས་ཕན་སྒོ་རྩིས་ཚོང་ཁང་དུ། ལའོ་ཆིན་འུའུ་ཡིས་ཉོ་འཚོང་གི་འགག་ས་ཤར་གཏོང་ཐུབ་པ་བྱེད་པ་དང་། མཁོ་སྤྲོད་ཀྱི་སྦྲེལ་མཐུད་མཐུན་སྦྱོར་འཐུས་ཚང་དུ་གཏོང་བ། དམངས་ལ་སྟབས་བདེ་སྤྲོད་པའི་ཞབས་ཞུ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འཛད་སྤྱོད་ཀྱི་སྟབས་བདེ་རང་བཞིན་དང་མྱོང་ཚོར་མཐོར་འདེགས་གཏོང་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་སུ། ལའོ་ཆིན་འུའུ་ཡིས་བདེ་འཇགས་དོ་དམ་དང་སྐྱེལ་འདྲེན་ནུས་པའི་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་ཤེས་རྟོགས་གནང་ཞིང་། ཁོང་གིས་ཐག་རིང་སྐྱེལ་འདྲེན་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཕྲེང་འབྲེལ་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་བགྲོད་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། སྤྱི་སྤྱོད་འགྲིམ་འགྲུལ་འཁོར་རྒྱུག་གི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་མང་ཚོགས་ཕར་འགྲོ་ཚུར་འོང་གི་དགོས་མཁོར་ཏན་ཏིག་གིས་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་ཡོད།
དམངས་ལ་སྟབས་བདེ་སྤྲོད་པའི་ཞབས་ཞུ་ལྟེ་གནས་སུ། ལའོ་ཆིན་འུའུ་ཡིས“12345”ཧྲེ་ཀྲང་ཐད་སྦྲེལ་ཁ་པར་འཁོར་སྐྱོད་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་མཐུད་སྣེའི་མཉམ་འདྲེས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཚན་པ་ཁག་གི་མཉམ་འགུལ་གྲངས་གཞིའི་མཛོད་མགྱོགས་མྱུར་ངང་བསྐྲུན་པ། གྲངས་གཞིའི་ཕན་ཚུན་སྤེལ་རེས་ལ་སྐུལ་སྤེལ་བཅས་བཏང་ནས། ལས་དོན་མི་སྣས་དུས་ཐོག་ཏུ་ཚན་པ་ཁག་གི་སྲིད་ཇུས་ཆ་སྲིད་ཇུས་ཤེས་རྟོགས་ཐུབ་པར་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་དགོས་མཁོར་ལན་འདེབས་དགོས་པའི་ནན་བཤད་གནང་ཡོད།
ཧྲེ་ཀྲང་གཞོན་པ་མིག་ཚེ་རྟོག་ཞིབ་ནང་ཞུགས་ཡོད།

