འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་སྔ་རྗེས་སུ་གྲོང་ཁྱེར་གྲངས་གཞི་ཆེ་མོའི་ལྟེ་གནས་སུ་ཕེབས་ཏེ། ས་གནས་ས་ཐོག་ཏུ་ལྟེ་གནས་སྟེགས་བུ་འཛུགས་སྐྲུན་དང་གྲངས་གཞི་འཁོར་རྒྱུག་དེ་བཞིན་བཀོལ་སྤྱོད་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་མ་ཟད་གྲངས་འཛིན་འཛུགས་སྐྱོང་ཐད་ཀྱི་མྱུར་ཚད་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཡོད་པ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཡེ་ཤེས་ཆོས་འཕེལ་དང་ཀྲང་ཧུང་ཅོན་ལྷན་དུ་རྟོག་ཞིབ་ནང་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། གྲངས་གཞིའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། གྲངས་གཞིའི་གསོག་ཉར་དང་། གསེད་པ། དབྱེ་ཞིབ། བེད་སྤྱོད་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ཀྱི་འཁོར་རྒྱུག་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། གྲངས་གཞིས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་མཐོར་འདེགས་བྱེད་པ། བཅོས་སྐྱོང་ཕན་འབྲས་ཐོན་པ་བཅས་བྱེད་དགོས། གྲངས་གཞིའི་གྲུབ་འབྲས་ལེགས་སྒྱུར་མགྱོགས་མྱུར་སྐུལ་སྤེལ་དང་། གྲངས་གཞིའི་དབྱེ་ཞིབ་དང་བསྡོམས་རྩིས་བཀོལ་སྤྱོད་ཆེ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་དང་དམངས་འཚོར་ཞབས་འདེགས། གྲོང་ཁྱེར་བཅོས་སྐྱོང་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཏེ། དེ་བས་མང་པའི་སླར་གསོ་ཆོག་པ་དང་ཁྱབ་གདལ་ཆོག་པའི་བཀོལ་སྤྱོད་ལེགས་ཆ་ཧུར་ཐག་འཚོལ་ཞིབ་བྱེད་དགོས། ཆེད་ལས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནང་འདྲེན་དང་གསོ་སྐྱོང་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་དང་ལས་སྒོ་བྱང་ཆུབ་པའི་རིག་འཛོམས་ཤེས་ལྡན་མི་སྣའི་དཔུང་ཁག་ཞིག་གཏོད་དགོས་པའི་ནན་བཤད་གནང་ཡོད།

