འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ་12ཚེས་30ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཁ་རུབ་ཆུས་སུ་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་དང་། བརྟན་ལྷིང་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་དང་། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་གྲོང་ཨུད་ཀྱི་ཚབ་ཞུས་ཏེ་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
སྤྱི་ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་སླེབས་ལ་ཉེ་བའི་མཚམས་སུ། ཁྲོམ་རའི་མཁོ་སྤྲོད་འདང་མིན་དང་རིན་གོང་འཕར་ཆག་ཡིན་མིན་ཐད་ལ་ཀྲོང་ཅིན་སུང་གིས་ཐུགས་ཁུར་ཆེན་པོ་གནང་གིན་ཡོད། ཆབ་མདོ་གྲོང་ཁྱེར་ཕྱོགས་བསྡུས་ཞིང་ཞོར་ཉོ་འཚོང་ཁྲོམ་ར་དང་། གཉིས་ཁེ་གཉིས་ཕན་སྒོ་རྩིས་ཚོང་ཁང་དུ། ཀྲོང་ཅིན་སུང་གིས་སྔོ་ཚལ་ཤིང་ཏོག་དང་ཤ་རིགས་ཟོག་སྒྲོམ་མདུན་དུ་ཕེབས་ཏེ་ཚོང་པ་དང་ལས་དོན་མི་སྣར་བྱམས་བརྩེའི་གླེང་མོལ་གནང་ནས་དངོས་ཟོག་རིན་གོང་དང་། ཉོ་འཚོང་ཡོང་འབབ། ཐོན་ཁུངས་མཁོ་སྤྲོད་བཅས་ཀྱི་གནས་ཚུལ་ལ་འདྲི་རྟོགས་ཞིབ་ཕྲ་བྱས་ཡོད། ཁོང་གིས་དུས་ཆེན་རིང་འཛད་སྤྱོད་ཀྱི་དགོས་མཁོ་ཆེན་པོ་ཡོད་པས་དངོས་ཟོག་གི་སྣ་ཁ་མང་དུ་བཏང་ནས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། ཟས་རིགས་བདེ་འཇགས་དང་སྤུས་ཚད་ལ་དོ་དམ་ནན་མོ་བྱས་ཏེ། མང་ཚོགས་ཀྱིས་ཉོ་བར་བློ་བདེ་བ་དང་སྤྱོད་པར་ཡིད་བདེ་བར་བྱེད་དགོས། མེ་ཟོན་བདེ་འཇགས་ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་སེལ་བྱེད་དགོས་ཅེས་བསྟན།
ཇ་རྟའི་ཐང་ཆེན་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ། ཀྲོང་ཅིན་སུང་གིས་ལས་རེས་ལས་སྒྲུབ་གནས་ཚུལ་ཞིབ་བཤེར་ནན་ཏན་བྱས་པ་རེད། ཁོང་གིས་གཞི་རིམ་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་མི་དམངས་མང་ཚོགས་ལ་ཞབས་ཞུ་བྱེད་པའི་འཐབ་ས་དང་པོ་དེ་ཡིན་པས། དུས་ཆེན་རིང་གི་ལས་རེས་ལས་སྒྲུབ་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་གཙོ་བོ་དང་མི་སྣ་འདུ་འཛོམས་བྱེད་སའི་བདེ་འཇགས་འགོག་སྲུང་ཡག་པོ་སྒྲུབ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་དུས་ཆེན་ཞིག་གཏོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཅེས་བསྟན།

