国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年01月02日

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2026ལོའི་ཟླ་1ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།

རྩོམ་ཡིག་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གྲོས་འགོ》ཡིས་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་འདོན་པར་གཞི་ཚུགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཤིང་། དེ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི། དེང་སྐབས་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རྩོམ་ཡིག་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། བྱ་ཐབས་སྣ་ཚོགས་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། སྒྲོག་འགྲེལ། དྲིལ་བསྒྲགས་བཅས་སྒྲིག་འཛུགས་ཡག་པོ་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཡག་པོ་ལེན་ཐུབ་པར་བྱེད་དགོས། དང་པོ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྔ་འཛིན་རྗེས་གཏོད་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་འཆར་འགོད་བྱས་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་དང་དེ་བཞིན་དུས་མཚམས་དབྱེ་བ་དང་གོ་རིམ་ཡོད་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་དེ་བས་སྲ་བརྟན་གྱི་རྨང་གཞི་འདིང་བའི་ཐད་གལ་འགངས་ཆེ་ལ་ཕུགས་ཕན་གྱི་དོན་སྙིང་ལྡན་ཡོད། གཉིས་པ། རྒྱལ་ཁབ་ཕྱི་ནང་གི་དུས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་གཞི་རྩའི་བརྡར་གཅོད་ལ་གོ་བ་གཏིང་ཟབ་ལེན་དགོས།《གྲོས་འགོའི》 ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ཐད་འཕྲད་པའི་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་འདི་ཉིད་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་མཚམས་སུ་གནས་པར་གཞི་རྩའི་བརྡར་གཅོད་ཐུབ་ཡོད་ཅིང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་པ་དང་། དེ་གཞིར་བཟུང་ནས་དམིགས་ཚད་ཀྱི་ལས་འགན་དང་བྱ་ཐབས་གལ་ཆེན་བཏོན་ཡོད། ཏང་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་གཞི་རྩའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་བྱེད་དགོས། གསུམ་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་རྩ་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། 《གྲོས་འགོའི》ནང་གཏན་ལ་འཁེལ་བའི་མཛུབ་ཁྲིད་བསམ་བློ་དང“མཐའ་འཁྱོངས་དྲུག”གི་རྩ་དོན་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་། ལྷག་པར་དུ་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་ཐད་ཀྱི་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་ཡིན་ལ། རང་རེའི་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བའི་གྲུབ་འབྲས་གལ་ཆེན་ཡང་ཡིན་ཞིང་། དེས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བཞི་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། 《གྲོས་འགོའི》ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་དང་། སྒུལ་ཤུགས། འདེགས་སྐྱོར་བཅས་ཀྱི་ནུས་པ་གལ་ཆེན་ལྡན་པའི་འཐབ་ཇུས་ལས་འགན་བཀོད་སྒྲིག་བྱས་ཤིང་། གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། འཐབ་ཇུས་ལས་འགན་ཁག་གི་ཐབས་ཇུས་བསམ་གཞི་དང་། དམིགས་ཚད་བླང་བྱ། བྱ་ཐབས་གལ་ཆེན། ལས་ཀའི་གཙོ་གནད་བཅས་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས། ལྔ་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་འགན་ལེན་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། དུས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བ་དང་ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཇི་ཙམ་ཆེ་ན་ལེགས་ཆ་ཆེ་ཤོས་ཡིན་པའི་ཏང་གི་འགོ་ཁྲིད་དེ་ཙམ་གྱིས་མཐའ་འཁྱོངས་ཡག་པོ་བྱེད་པ་དང་། ཡག་པོ་སྤྱོད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རིང་གཤམ་གསལ་གྱི་གནད་ཁག་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས། དང་པོ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་དགོས། གསུམ་པ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་གོམ་པ་བརྟན་པོ་ཞིག་སྤོ་རྒྱུར་སྐུལ་འདེད་གཏོང་དགོས། བཞི་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་དགོས། ལྔ་པ། ཁྱབ་ཁོངས་ཁག་གི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་ཕན་འབྲས་ཇི་ཙམ་ཐོན་ཚེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་སྲུང་ལ་ནུས་པ་དེ་ཙམ་ལྡན་ཐུབ། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ཀྱི་སྙིང་རུས་དང་གདེང་ཚོད་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས་ཤིང་། དང་པོ། ཏང་གི་རང་ངོས་གསར་བརྗེའི་བླང་བྱ་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བར་བྱེད་དགོས། ཏང་གི་རང་ངོས་གསར་བརྗེ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནི་ཟུང་འབྲེལ་དམ་ཚགས་དང་། ཕན་ཚུན་སྐུལ་འདེད། ཆར་པ་ཆུ་གྲོགས་ལྟ་བུ་བཅས་ཡིན། ཏང་ཀྲུང་དབྱང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཏང་གི་རང་ངོས་གསར་བརྗེའི“སྔར་བས་དོན་ཐོག་ཏུ་འཁྱོལ་བ་ལྔའི”བླང་བྱ་ཕྱོགས་ཡོངས་དང་སྡེབ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་པ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་རྒྱུན་མཐུད་གཏིང་ཟབ་དང་རྒྱ་ཆེར་སྤེལ་ནས། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་སེམས་ནུས་དེ་བས་མང་བ་བཏོན་ཏེ་དོན་འཁྱོལ་དམ་འཛིན་ཐུབ་པར་བྱེད་དགོས། གསུམ་པ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས། ཐོག་མཐའ་བར་གསུམ་དུ་རུལ་རྒོལ་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་གོམ་པ་གང་ཡང་མཚམས་འཇོག་མི་བྱེད་པ་དང་གོམ་པ་ཕྱེད་ཀ་ཡང་ཕྱིར་བཤོལ་བྱེད་མི་རུང་། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པ་བཟོ་བར་མུ་མཐུད་ཤུགས་སྣོན་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་རང་རྟོགས་ངང་ལག་ལེན་བསྟར་ཏེ་གསར་བརྗེའི་ཡུལ་ལུང་ནམ་ཡང་བཀྲག་མདངས་ལྡན་པར་བྱེད་དགོས།