《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་
བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(1999ལོའི་ཟླ་7ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》སོགས་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས་ཡོད། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར།
ལེའུ་གསུམ་པ། དོ་དམ་དང་ལྟ་སྐུལ།
ལེའུ་བཞི་པ། བྱ་དགའ་དང་ཆད་གཅོད།
ལེའུ་ལྔ་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་གཟུགས་གཞིའི་བདེ་ཐང་འགན་སྲུང་བྱེད་པ་དང་། གསར་སྐྱེས་མི་འབོར་གྱི་གྲངས་སྤུས་ལེགས་སུ་གཏོང་ཆེད 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས 》 གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ནི་སྔོན་འགོག་གཙོར་བཟུང་ཐོག འཕྲོད་སྦྱོར་ལྟེ་བར་བྱེད་པ་དང་། འཕྲོད་སྦྱོར་དང་སྨན་བཅོས་ཟུང་འབྲེལ་བྱེད་པ། སྤྱི་ཚོགས་ཀྱི་ཕན་འབྲས་ལ་སྣང་ཆེན་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འཆར་གཞི་ཡོད་པ་དང་། གོ་རིམ་ཡོད་པ། གཙོ་གནད་ཡོད་པ་བཅས་ཀྱི་སྒོ་ནས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་ཡིན།
དོན་ཚན་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལས་དོན་ལ་འགོ་ཁྲིད་ནས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བྱ་གཞག་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་གཞི་དང་ནོར་སྲིད་སྔོན་རྩིས་ནང་བཅུག་ཐོག་ཆེད་སྤྱོད་མ་དངུལ་བཞག་ནས་དགོས་ངེས་ཀྱི་ཆ་རྐྱེན་དང་དངོས་པོའི་ཐོག་གི་རོགས་སྐྱོར་བྱས་ཏེ་ཨ་མ་དང་ཕྲུ་གུ་དམར་འབྱར་ལ་སྨན་བཅོས་འཕྲོད་སྦྱོར་གྱི་ཞབས་ཞུ་ཐོབ་འཇུག་དགོས།
ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཐད་ཀྱི་ཚན་རིག་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག སྔོན་ཐོན་དང་གོ་ཆོད་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལག་རྩལ་ཁྱབ་གདལ་བཏང་ནས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཐད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ།
རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ལུང་ཁུག་དང་། ས་ཁད་མཐོ་ཞིང་གྲང་ངར་ཆེ་བ། དབུལ་པོའི་རྫོང་བཅས་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བྱ་གཞག་ལ་གཙོ་གནད་དུ་རོགས་སྐྱོར་བྱ་རྒྱུ།
ལེའུ་གཉིས་པ། ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར།
དོན་ཚན་བཞི་པ། སྨན་བཅོས་འཕྲོད་སྦྱོར་ཚན་པས་ཁྲིམས་ལྟར་སྤྱི་དམངས་ལ་གཉེན་སྒྲིག་མ་བྱས་གོང་དང་། སྦྲུམ་དུས་དང་བང་དུས་ཀྱི་འཕྲོད་སྦྱོར་ཞབས་ཞུ་བསྒྲུབས་ནས། བང་མར་ཚན་རིག་དང་མཐུན་པའི་ཕྲུ་གུ་གསོ་སྐྱོང་དང་། འཚོ་བཅུད་འཚམ་པོ། ཨ་མའི་འོ་མ་སྟེར་དགོས་ལུགས་སོགས་ཐད་ཀྱི་མཛུབ་ཁྲིད་བྱེད་དགོས་པ་དང་། གསར་སྐྱེས་ཕྲུ་གུ་དང་ཕྲུ་གུ་དམར་འབྱར་ལ་སྨན་བཅོས་འཕྲོད་སྦྱོར་གྱི་ཞབས་ཞུ་སྒྲུབ་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཉེན་སྒྲིག་མ་བྱས་གོང་གི་གསོ་རིག་བརྟག་དཔྱད་བྱེད་ཐབས་བཟོ་དགོས་པ་དང་། གཉེན་སྒྲིག་མ་བྱས་གོང་གསོ་རིག་བརྟག་དཔྱད་བྱེད་པར་ལུགས་མཐུན་གྱི་གླ་རིན་བསྡུ་བའི་ཚད་གཞི་གཏན་འཁེལ་བཟོ་དགོས།
གྲོང་ཁྱེར་དང་གྲོང་རྡལ་དུ་ཁྲིམས་ལྟར་གཉེན་སྒྲིག་མ་བྱས་གོང་གསོ་རིག་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་རྒྱུ།
ཞིང་འབྲོག་ཁུལ་དུ་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་གཉེན་སྒྲིག་མ་བྱས་གོང་གསོ་རིག་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་རྒྱུ།
དོན་ཚན་དྲུག་པ། ཕྲུ་གུ་མ་སྐྱེས་གོང་བརྟག་དཔྱད་བྱས་ནས་གཤམ་གསལ་གྱི་གནད་དོན་གང་རུང་ཞིག་ཡོད་རིགས་ལ་སྨན་པས་ངེས་པར་དུ་བཟའ་ཚོ་ཕྱོགས་གཉིས་ལ་གནས་ཚུལ་གསལ་བཤད་བྱེད་དགོས་པ་མ་ཟད། ཕྲུ་གུ་འཁོར་རྗེས་སྐྱེ་རུ་མི་འཇུག་པའམ་ཡང་ན་སྐྱེ་སྒོ་བཀག་པའི་གཤགས་བཅོས་བྱ་རྒྱུའི་གསོ་རིག་ཐད་ཀྱི་བསམ་འཆར་འདོན་དགོས་པ་སྟེ།
(གཅིག) ཕ་ཚོད་མ་ཚོད་ལ་སླེབས་པའི་བཟའ་ཚོ་ཕྱོགས་གཅིག་གམ། ཡང་ན་གཉིས་ཀར་རྒྱུད་ནད་ཚབས་ཆེ་ཡོད་རིགས་དང་།
(གཉིས) མངལ་ཆགས་ཕྲུ་གུར་རྒྱུད་ནད་ཚབས་ཆེ་ཡོད་རིགས།
(གསུམ) མངལ་ཆགས་ཕྲུ་གུར་དབང་སྐྱོན་ཚབས་ཆེ་ཡོད་རིགས།
(བཞི) ནད་གཞི་ཚབས་ཆེ་ཕོག་པའི་རྐྱེན་གྱིས་མུ་མཐུད་ཕྲུ་གུ་འཁོར་དུ་བཅུག་ན་སྦྲུམ་མའི་ཚེ་སྲོག་ལ་ཉེན་ཁ་ཡོད་པའམ་ཡང་ན་སྦྲུམ་མའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེ་ཡོང་སྲིད་པ་བཅས་སོ།
དོན་ཚན་བདུན་པ། བྱ་ཐབས་འདིའི་གཏན་འབེབས་གཞིར་བཟུང་ཕྲུ་གུ་འཁོར་རྗེས་སྐྱེ་རུ་མི་འཇུག་པ་དང་སྐྱེ་སྒོ་བཀག་པའི་གཤགས་བཅོས་བྱས་རིན་དེ་གཞུང་གྲོན་སྨན་བཅོས་སམ་ཡང་ན་ངལ་རྩོལ་འགན་སྲུང་གི་སྨན་བཅོས་ཁོངས་སུ་མ་གཏོགས་ན་གཤགས་བཅོས་བྱེད་མཁན་གནས་སའི་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱ་རྒྱུ། ལས་བྱེད་ལས་བཟོ་གནས་སའི་ཚན་པའམ་ཡང་ན་ཁེ་ལས་ནས་ཐག་གཅོད་བྱ་རྒྱུ།
དོན་ཚན་བརྒྱད་པ། དེ་སྔ་རྒྱུད་ནད་ཚབས་ཆེ་ཡོད་པའམ་ཡང་ན་དབང་སྐྱོན་ཚབས་ཆེ་ཡོད་པའི་ཕྲུ་གུ་སྐྱེ་མྱོང་བའི་བུད་མེད་རིགས་སླར་ཡང་མངལ་ཆགས་གོང་བཟའ་ཚོ་གཉིས་ཀ་རྫོང་རིམ་པ་ཡན་གྱི་སྨན་བཅོས་དང་འཕྲོད་སྦྱོར་ཚན་པར་ངེས་པར་དུ་གསོ་རིག་བརྟག་དཔྱད་བྱེད་དགོས།
དོན་ཚན་དགུ་པ། སྨན་ཁང་ལ་བསྡད་ནས་ཕྲུ་གུ་སྐྱེ་རྒྱུ་དར་ཁྱབ་ཤུགས་ཆེ་གཏོང་རྒྱུ། ཕྲུ་གུ་སྐྱེ་སྐབས་སྨན་ཁང་ལ་སྡོད་མ་ཐུབ་པའི་རིགས་ལ་ངེས་པར་དུ་སྦྱོང་བརྡར་སྤྲས་ཏེ་ཚད་གཞི་ལོན་པའི་སྐྱེ་བསུ་བྱེད་མཁན་ལ་དུག་སེལ་བྱས་ནས་སྐྱེ་བསུ་བྱེད་དུ་འཇུག་དགོས།
དོན་ཚན་བཅུ་པ། སྨན་བཅོས་དང་འཕྲོད་སྦྱོར་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་ཕྲུ་གུ་སྐྱེས་པའི་གསོ་རིག་དཔང་འཛིན་སྤྲོད་དགོས།
དོན་ཚན་བཅུ་གཅིག་པ། སྨན་བཅོས་དང་འཕྲོད་སྦྱོར་ཚན་པས་ངེས་པར་དུ་སྦྲུམ་མ་དང་། བང་མ། ཕྲུ་གུ་དམར་འབྱར་བཅས་ཤི་ཚད་དང་། གསར་སྐྱེས་ཕྲུ་གུ དེ་བཞིན་དབང་སྐྱོན་ཅན་གྱི་ཕྲུ་གུ་སྐྱེས་པ་བཅས་ཀྱི་བསྡོམས་རྩིས་སྙན་ཞུའི་ལམ་ལུགས་བཟོ་དགོས་པ་མ་ཟད། དེ་དག་ཕྱོགས་བསྡོམས་དང་གོང་ལ་སྙན་སེང་ཞུ་འགན་འཁུར་དགོས།
(མུ་འགོད)

