འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས20ཉིན། ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གཞུང་དོན་ཁང་གིས་གཙོ་སྒྲུབ་བྱས་པའི“དམར་མདངས་ཆབ་མདོས་ཐོག་མའི་བསམ་འདུན་སྲུང་། མེ་ཏོག་བཞད་འདྲའི་ཁྱིམ་ཚང་གཅིག་ལྟར་བརྩེ།”ཞེས་པའི་ལོ་གསར་བསུ་བའི་མཉམ་སྤྲོའི་བྱེད་སྒོ་དེ་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོར་སྤེལ་བ་རེད།
མཉམ་སྤྲོའི་ལེ་ཚན་འཁྲབ་སྟོན་དེ“བོད་ཤར་གྱི་བརྩེ་བ། སེམས་པ་མཐུན་ནས་ཁྱིམ་གཞིའི་ཕུགས་འདུན་མཉམ་དུ་གཏོད”“དྲིན་ཚོར་གྱི་བྱ་སྤྱོད། ལག་གདང་སྦྲེལ་ཏེ་བདེ་སྐྱིད་ལམ་དུ་ཧུར་ཐག་བསྐྱོད”“དུས་རབས་ལ་འབུལ་བ། རྒྱང་ལམ་གསར་པར་ཕྱོགས་ནས་ལམ་དུ་ཆས་དགོས་པ”བཅས་ལེའུ་གསུམ་དུ་དབྱེ་ཡོད། སྲོལ་རྒྱུན་ལེ་ཚན《ལྷ་མོའི་ཟློས་གར》ནས་འགོ་ཚུགས་པ་དང་། གླུ་གཞས《བཀྲ་ཤིས་བདེ་ལེགས་ཞུ》《ཐུགས་རྗེ་ཆེ》ཞབས་བྲོ《མི་ཚེར་གཅེས་སྤྲས》《རལ་པ》སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་འཁྲབ་སྟོན་བྱས་ཏེ་སྙན་འཇེབས་ཀྱི་གླུ་སྒྲ་དང་བྲོ་གར་གྱི་སྟང་སྟབས་ལས་ཆབ་མདོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་མངོན་ཡོད། ལེ་ཚན་གྱི་བར་གསེང་ནས་མང་ཚོགས་ཀྱིས་བོད་སྐྱོར་རུ་སྣེ་ཁྲིད་མཁན་ལ་བོད་ཡིག་ཡིག་གཟུགས་ཕུལ་ཏེ་གུས་འདུད་ཞུས་ཅིང་། གཙོ་སྒྲུབ་ཕྱོགས་ཀྱིས་བོད་སྐྱོར་འཐུས་མི་དང་རྐང་རྩེད་སྤོ་ལོའི་རུ་མིར་གླུ་གཞས་དང་གླུ་ཚིག་གི་དྲན་རྟེན་ལེགས་སྐྱེས་སུ་སྤྲད་ཡོད།
“འདས་ཟིན་པའི་ལོ་གཅིག་ནང་། མདའ་རོ་གྲོང་ཚོའི་རྣམ་པ་གསར་པར་འགྱུར་ཞིང་གྲོང་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་པ་འདི་དག་ཐམས་ཅད་ཏང་གི་ཐུགས་ཁུར་དང་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་ལ། ད་དུང་ཁྲུང་ཆིན་དང་། ཐེན་ཅིན། ཧྥུའུ་ཅན་སོགས་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར་གྱིས་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པས་བཀའ་དྲིན་འདི་དག་ང་ཚོའི་ནམ་ཡང་བརྗེད་མི་སྲིད”ཅེས་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་གཙོ་མིན་ཅིན་གྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

