国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月19日

བོད་ཀྱི་གློག་བརྙན《རྒྱང་རིང་གི་ཕུ་རོགས་གངས་རི》རྒྱལ་ཡོངས་སུ་སྟོན་མགོ་བརྩམས་པ།

པར་འདི་ནི་བོད་ཀྱི་གློག་བརྙན《རྒྱང་རིང་གི་ཕུ་རོགས་གངས་རི》ཞེས་པའི་ཁྱབ་བརྡ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་གློག་བརྙན《རྒྱང་རིང་གི་ཕུ་རོགས་གངས་རི》ཟླ12པའི་ཚེས16ཉིན་རྒྱལ་ཡོངས་སུ་སྟོན་མགོ་བརྩམས། གློག་བརྙན་དེས་ས་བབ་མཐོ་སའི་གཞི་རིམ་གྱི་ལས་བྱེད་མི་སྣ་བརྗོད་དོན་གཙོ་བོ་བྱས་ནས། ན་གཞོན་སློབ་གྲྭ་ཆེན་མོ་པ་ཐུན་ཞའོ་ཧྥན་དང་འབྲོག་མི་ཚོའི་ལས་དབང་ཁུངས་སྣེ་བྱས་ཏེ་བོད་ལྗོངས་མཚོ་གཉིས་ཀྱི་ཆུས་འཐེན་རྫོང་འཛུགས་བྱས་པའི་སྐྱེ་ཁམས་གནས་སྤར་གྱི་འཕེལ་རྒྱས་ལམ་བུ་མངོན་ཡོད།

རྒྱུས་ལོན་ལྟར་ན། བརྙན་ལེན་ཚན་ཁག་ས་བབ་སྨི5000ཡན་གྱི་གནས་ཏེ“མིའི་རིགས་ལུས་ཁམས་མཐར་སོན་ཚོད་ལྟའི་གནས”ཞེས་འབོད་པའི་བོད་བྱང་ཐང་དུ་བསྐྱོད་དེ། དབྱང་རླུང་དཀོན་པ་དང་གྲང་ངར་ཆེ་བ། གནམ་གཤིས་གློ་བུར་དུ་འགྱུར་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་སེལ་ཏེ་ཕུ་རོགས་གངས་རིའི་བྱང་ངོས་དང་ཆེས་ཆེ་བའི་འཁྱགས་ལྕེ་སོགས་ཀྱི་ཡུལ་ལྗོངས་དངོས་བརྙན་བླངས་པ་རེད། ཉེ་ལམ་པེ་ཅིན་ནས་སྤེལ་བའི་གློག་བརྙན་རྒྱལ་ཡོངས་སུ་སྟོན་པའི་མཛད་སྒོ་ཐོག་གློག་བརྙན་གཙོ་སྐྲུན་རུ་ཁག་གིས། གྲང་ངར་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་བརྙན་ལེན་ལ་བརྟེན་ནས་ས་གནས་ལས་བྱེད་པའི་འཚོ་བའི་རྣམ་པ་དངོས་སྟོན་འདོད་པ་དང་། བརྙན་མིག་བརྒྱུད་དེ་བོད་ལྗོངས་ཀྱི་དགུན་ཁའི་རང་བྱུང་མཛེས་པ་མཚོན་རྒྱུ་ཡིན་བསམ་ཚུལ་བསྟན།

“དེ་རིང་། ལོ་རྒྱུན་ས་བབ་མཐོ་ས་ནས་འབད་བརྩོན་བྱེད་བཞིན་པའི་མཚོ་གཉིས་མི་ཡི་ཉིན་རྒྱུན་གྱི་ལས་དོན་དང་། མི་རབས་འགའི་གཏན་སྲུང་གཏམ་རྒྱུད་གློག་བརྙན་བརྒྱུད་དེ་མི་རྣམས་ཀྱིས་མཐོང་ཐུབ་པ་དང་ཤེས་རྟོགས་བྱེད་ཐུབ”ཅེས་གློག་བརྙན་དེའི་མ་དཔེ་མི་སྣ་ཞིག་གིས་དེ་ལྟར་བརྗོད། མཚོ་གཉིས་རྫོང་དུ་གཞི་ཚུགས་ནས་ལོ་མང་པོ་འགོར་བའི་གཞི་རིམ་ལས་བྱེད་པ་གསང་བདག་མཚོ་མོས། མི་རིགས་སོ་སོའི་ལས་བྱེད་པས་ཁག་ཁུར་དང་གསོལ་འབུལ་ལ་བརྟེན་ནས་བོད་སྐྱོད་རྒན་རབས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་བཞིན་ཡོད་པར་མ་ཟད། འབད་བརྩོན་ལྷོད་མེད་ཀྱིས་དུས་རབས་གསར་པའི་བོད་ལྗོངས་ཀྱི་་གཏམ་རྒྱུད་འབྲི་བཞིན་ཡོད་པས། གཏམ་རྒྱུད་དེ་དག་གློག་བརྙན་བརྒྱུད་དེ་མི་སྔར་ལས་མང་པོར་སྐུལ་འདེད་བྱེད་ཐུབ་པའི་རེ་བ་ཡོད་པའི་བསམ་ཚུལ་བསྟན།