འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་བསྒྲགས་པའི“ལོ་ལྔ་ཚན་བཅོ་ལྔ་པ”མདུད་སྐྱོད་ཀྱི་སྐུལ་སློང་བཀའ་རྒྱ་དེ་བོད་ཤར་གྱི་ས་གཞི་ཆེ་མོའི་སྟེང་དུ་ལྷང་ལྷང་དུ་གྲགས་བཞིན་ཡོད།
ཟླ12པའི་ཚེས11ཉིན། ཚང་འཛོམས་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་ཏེ་རང་རེའི་གྲོང་ཁྱེར་གྱི་འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་འཆར་འགོད་གསར་པ་བཟོས་པར་རང་རེའི་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།“ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། དེ་མིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་བཀོད་སྒྲིག་གནང་བར་ངོས་ཟིན་ཟབ་མོ་བྱུང་སོང་། ཚང་འཛོམས་གྲོས་ཚོགས་ཀྱིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གཡུལ་འཐབ་དང་། སྐྱེ་ཁམས་སྲུང་སྐྱོབ། ཐོན་སྐྱེད་འཚོ་བའི་རྣམ་པ་ལྗང་མདོག་ཏུ་བསྒྱུར་བ་སོགས་ཀྱི་ཐད་ལ་དམིགས་ཏེ་བཀོད་སྒྲིག་བྱས་པ་དང་། ལྷག་པར་དུ་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གད་སྙིགས་ཐག་གཅོད་བཅས་ཀྱི་ཐད་ཞིབ་ཕྲའི་ངང་འཆར་འགོད་བྱས་པ་དེའི་ཐོག་ནས་གྲོང་ཨུད་ཀྱིས་དམིགས་ཚད་ཀྱི་ཁྲིད་སྟོན་དང་། གནད་དོན་གྱི་ཁྲིད་སྟོན། མཇུག་འབྲས་ཀྱི་ཁྲིད་སྟོན་བཅས་མཐའ་འཁྱོངས་བྱེད་དགོས་པའི་ལས་ཀའི་བསམ་ཕྱོགས་མངོན་ཡོད།”ཅེས་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཧྲི་ཤོན་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་གཞི་དང་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་བྱེད་པའི་ཇུས་འགོད་ནང་འཇོག་པ་དང་། ཆབ་སྲིད་བརྟན་ལྷིང་ཆེ་ཤོས་དང་། གཞུང་ལུགས་གསལ་ཆ་ཆེ་ཤོས། ལག་བསྟར་བློ་ཐག་ཆོད་ཤོས། སྤྱོད་ཚུལ་ནན་ཤོས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཧྲག་དམག་ཤིག་ཧུར་ཐག་གཏོད་དེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཏན་ཏིག་གིས་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་སྒྲོལ་གཡང་གིས“འདས་ཟིན་པའི་ལོ་གཅིག་ནང་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་དང་མཐའ་སྟོབས་ལས་དོན་བཅས་ཀྱི་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་མཐའ་འཁོར་དུ་དམ་པོར་དམིགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱ་རྒྱུ་གཙོ་ཐིག་ཏུ་བཟུང་བ་དང་། ལས་འགན་གཙོ་བོར་འགན་འཁྲི་འཁུར་རྒྱུར་དམ་པོར་དམིགས་པ། དངོས་འཛིན་དངོས་སྒྲུབ་ཀྱིས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བདེ་ཐང་ཞབས་ཞུ་རྒྱུན་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་བདེ་ཐང་བདེ་སྐྱིད་ཡོང་བར་འབད་པ་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བཤད།
གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་སུན་ཆོན་ཆིན་གྱིས“ཐེངས་འདིའི་ཚོགས་འདུ་ནི་ཆབ་མདོའི“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་ནན་ཏན་བྱས་ཏེ། འཆར་འགོད་ཀྱིས་བཏོན་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་གཏིང་ཟབ་གཏོང་བ་དང་། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་མཉམ་དུ་མི་གསོ་སྐྱོང་གི་སྒྲིག་གཞི་འཐུས་ཚང་གཏོང་བ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ཏེ། “ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པར”བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

