国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月12日

བོད་རང་སྐྱོང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་དོ་དམ་སྲོལ་ཡིག

(ཚགས་པར་གོང་མར་མཐུད) གཏེར་འདོན་ལག་ཁྱེར་གྱི་ཐོ་བསུབ་པའི་འགྲོ་ལུགས་ཀྱང་གཉེར་དགོས་པ་སྟེ།

(གཅིག)ལས་མཚམས་འཇོག་པའམ་ཡང་ན་གཏེར་དོང་བསུབ་རྒྱུའི་རེ་འདུན་སྙན་ཞུ་དང་།

(གཉིས)གཏེར་ཁ་གསོག་འབོར་ཞིབ་བཤེར་རྩིས་བསུབ་ཀྱི་སྙན་ཞུ་དང་དེ་བཞིན་གཏེར་ཁ་གསོག་འབོར་དོ་དམ་སྡེ་ཚན་གྱི་ཆོག་མཆན་ཐོབ་ཡིག

(གསུམ)ལས་མཚམས་མ་བཞག་གོང་ངམ་ཡང་ན་གཏེར་དོང་མ་བཀབ་གོང་གི་སྔོག་འདོན་ལས་གྲྭའི་གནས་ཚུལ་དང་དེ་བཞིན་དེར་བདེ་འཇགས་མེད་པའི་ཉེན་ཁ་ཡོང་གཞིའི་གསལ་བཤད་དཔྱད་ཡིག

(བཞི)འབྲེལ་ཡོད་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་ས་ཞིང་བསྐྱར་སློག་བསྐྱར་སྦོལ་དང་ཁོར་ཡུག་སྲུང་སྐྱོབ་བྱས་ཚུལ་གྱི་སྙན་ཞུ་བཅས་སོ།

དོན་ཚན་ང་ལྔ་པ། གཏེར་ཁའི་ཐོན་ཁུངས་སྔོག་འདོན་གྱི་ལོ་འཁོར་ཞིབ་བཤེར་ལམ་ལུགས་དང་གཏེར་ཁ་ལྟ་ཞིབ་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། ཞིབ་ཕྲའི་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་ཁ་གཙོ་འགན་དོ་དམ་སྡེ་ཚན་གྱིས་བཟོ་རྒྱུ།

དོན་ཚན་ང་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ས་གཤིས་གཏེར་ཁ་གཙོ་འགན་དོ་དམ་སྡེ་ཚན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ཏེ་གཏེར་ཁ་འཚོལ་དབང་དང་གཏེར་ཁ་སྔོག་འདོན་བྱེད་དབང་ཡོད་མཁན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ལ། གཏེར་ཁ་འཚོལ་དབང་དང་གཏེར་ཁ་སྔོག་འདོན་བྱེད་དབང་ཡོད་མཁན་གྱིས་ངེས་པར་དུ་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་བ་དང་སྦྲགས་འབྲེལ་ཡོད་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས།

དོན་ཚན་ང་བདུན་པ། གཏེར་ཁ་འཚོལ་དབང་དང་སྔོག་འདོན་བྱེད་དབང་ཡོད་མཁན་དབར་གཏེར་ཁུལ་ཁྱབ་ཁོངས་ཐད་རྩོད་གཞི་བྱུང་ཚེ། དོ་བདག་ཕན་ཚུན་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པ་མ་ཟད། གྲོས་མོལ་བྱས་འབྲས་གཏེར་ཁུལ་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ས་གཤིས་གཏེར་ཁ་གཙོ་འགན་དོ་དམ་སྡེ་ཚན་ལ་སྙན་སེང་ཐོ་འགོད་ཞུ་དགོས། གལ་ཏེ་གྲོས་མོལ་ལམ་ལྷོངས་མ་བྱུང་ཚེ་ལག་ཁྱེར་སྤྲོད་མཁན་ཐོ་འགོད་དོ་དམ་ལས་ཁུངས་ནང་གི་རིམ་པ་མཐོ་བ་དེས་ཁྲིམས་ལྟར་ཁྲུན་ཐག་གཅོད་དགོས།

ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ང་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གཏེར་ཁའི་རྩད་ཞིབ་ལག་ཁྱེར་མེད་པར་རང་དགར་རྩད་ཞིབ་བྱེད་པ་དང་། ཆོག་མཆན་ཐོབ་པའི་རྩད་ཞིབ་ཁྱབ་ཁོངས་ལས་བརྒལ་ཏེ་རྩད་ཞིབ་བྱེད་རིགས་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་རིགས་ཡོད་མཁན་ལ་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་ཆོག

དོན་ཚན་ང་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གཏེར་འདོན་ལག་ཁྱེར་མེད་པར་རང་དགར་གཏེར་ཁ་སྔོག་འདོན་བྱེད་པ་དང་། རང་དགར་རྒྱལ་ཁབ་ཀྱི་འཆར་འགོད་གཏེར་ཁུལ་དུ་སྐྱོད་པ། ཡང་ན་རྒྱལ་དམངས་དཔལ་འབྱོར་ལ་རིན་ཐང་ཆེན་པོ་ལྡན་པའི་གཏེར་ཁུལ་ཁྱབ་ཁོངས་སུ་གཏེར་ཁ་སྔོག་འདོན་བྱེད་པ། རྒྱལ་ཁབ་ནས་གཏན་འབེབས་ལག་བསྟར་བྱས་པའི་སྲུང་སྐྱོང་རང་བཞིན་གྱི་ཐོག་ནས་སྔོག་འདོན་བྱ་རྒྱུའི་དམིགས་བསལ་གཏེར་རིགས་རང་དགར་སྔོག་འདོན་བཅས་བྱས་ཚེ། སྔོག་འདོན་བྱེད་མཚམས་འཇོག་ཏུ་འཇུག་པ་དང་གྱོང་གུན་གསབ་ཏུ་བཅུག་སྟེ་སྔོག་འདོན་བྱས་པའི་གཏེར་ཁ་དང་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་སྦྲགས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་ཆོག

ཆོག་མཆན་ཐོབ་པའི་གཏེར་ཁུལ་ཁྱབ་ཁོངས་ལས་བརྒལ་ཏེ་གཏེར་ཁ་སྔོག་འདོན་བྱས་ཚེ་ཆོག་མཆན་ཐོབ་པའི་ཁྱབ་ཁོངས་སུ་ཕྱིར་བཤིག་རྒྱག་ཏུ་བཅུག་ནས་སྔོག་འདོན་དང་གྱོང་གུན་གསབ་ཏུ་བཅུག་ཐོག་མཚམས་ཐིག་ལས་བརྒལ་ཏེ་སྔོག་འདོན་བྱས་པའི་གཏེར་ཁ་དང་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་སྦྲགས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་ཆོག གལ་ཏེ་ཆོག་མཆན་ཐོབ་པའི་གཏེར་ཁུལ་ཁྱབ་ཁོངས་སུ་ཕྱིར་བཤིག་མ་བརྒྱབ་པར་སྔོག་འདོན་བྱས་ཏེ་གཏེར་ཁའི་ཐོན་ཁུངས་ལ་གཏོར་སྐྱོན་བཟོས་ཚེ་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུ།

དོན་ཚན་དྲུག་ཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གཏེར་ཁ་འཚོལ་དབང་དང་། གཏེར་ཁ་འདོན་དབང་རང་དགར་ནང་བཤུག་བཏང་བ་དང་རང་དགར་ངང་གཏེར་ཁ་འདོན་དབང་བོགས་མར་བཏང་ཚེ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་སྦྲགས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེན་ཡོད་རིགས་ལ་རྩད་ཞིབ་བྱེད་དབང་ལག་ཁྱེར་དང་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུ།

སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རང་དགར་གཏེར་ཁ་འདོན་དབང་གཏའ་མར་འཇོག་མཁན་ལ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་སྦྲགས་སྒོར་5000མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུ།

དོན་ཚན་རེ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ཇི་བཞིན་ལོ་འཁོར་སྙན་ཞུ་དང་འབྲེལ་ཡོད་ཀྱི་དཔྱད་ཡིག་མི་འབུལ་བ་དང་། ལྟ་སྐུལ་ཞིབ་བཤེར་དང་ལེན་མི་བྱེད་པའམ་ཡང་ན་མི་བདེན་རྫུན་སྒྲིག་བྱས་ཚེ་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་། ཐ་ཚིག་བསྒྲགས་ཀྱང་ད་དུང་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་མི་བྱེད་མཁན་ལ་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་ཆོག གནས་ཚུལ་ཚབས་ཆེ་རིགས་ལ་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུ།

དོན་ཚན་རེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རྩད་ཞིབ་ལག་ཁྱེར་དང་གཏེར་འདོན་ལག་ཁྱེར་བརྗེ་སྒྱུར་གྱི་ཐོ་འགོད་དམ་ཡང་ན་མེད་པ་བཟོ་བའི་ཐོ་འགོད་ཀྱི་འགྲོ་ལུགས་མ་གཉེར་མཁན་ལ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་བཀག་ལས་བརྒལ་ཡང་ཡོ་བསྲང་མ་བྱས་ཚེ་རྩད་ཞིབ་ལག་ཁྱེར་དང་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུ།

དོན་ཚན་རེ་གསུམ་པ། གཏེར་ཁ་འདོན་དབང་ཡོད་མཁན་གྱིས་གཏོར་བཤིག་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། ཉེས་གསོག་གི་ཚད་ལ་མ་སླེབས་ཚེ་སྔོག་འདོན་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། སྔོག་འདོན་བྱས་པའི་གཏེར་ཁ་དང་ཁྲིམས་འགལ་ལས་བྱུང་བ་དག་གཞུང་བཞེས་གཏོང་རྒྱུ་དང་སྦྲགས་སྒོར་ཁྲི་5ཡན་ནས་ཁྲི་10མན་གྱི་དངུལ་ཆད་བཀལ་ཐོག་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུ།

དོན་ཚན་རེ་བཞི་པ། སྲོལ་ཡིག་འདིའི་དོན་ཚན་ང་གསུམ་པའི་གཏན་འབེབས་ལས་འགལ་ཏེ་གཏེར་ཁ་ཉོ་སྒྲུབ་དང་ཕྱིར་འཚོང་བྱས་ཚེ། ཉོ་འཚོང་གི་བྱེད་སྤྱོད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་དག་གཞུང་བཞེས་གཏོང་རྒྱུ་དང་སྦྲགས་སྒོར་ཁྲི་1ཡན་ནས་ཁྲི་10མན་གྱི་དངུལ་ཆད་འགེལ་ཆོག

གཏེར་ཁའི་འཚོང་གཉེར་ལག་ཁྱེར་མེད་པར་གཏེར་ཁའི་ཐོན་ཁུངས་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་མཁན་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

དོན་ཚན་རེ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་བཞིན་ངེས་པར་དུ་འཇལ་དགོས་པའི་འགྲོ་གྲོན་མ་འཇལ་མཁན་ལ་དུས་བཀག་ནང་འཇལ་དུ་འཇུག་རྒྱུ་དང་། དུས་བཀག་ནང་སྔར་བཞིན་མ་འཇལ་ཚེ་རྩད་ཞིབ་ལག་ཁྱེར་དང་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུ།

དོན་ཚན་རེ་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་དགུ་པ་དང་། ལྔ་བཅུ་པ། ང་གཅིག་པ་བཅས་ཀྱི་གཏན་འབེབས་ལས་འགལ་མཁན་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ་དང་། གཞན་གྱི་ཐོན་སྐྱེད་དང་འཚོ་བར་གྱོང་གུན་བཟོས་ཚེ་ཁྲིམས་ལྟར་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ།

དོན་ཚན་རེ་བདུན་པ། སྲོལ་ཡིག་འདིའི་དོན་ཚན་ང་བརྒྱད་པ་ནས་དོན་ཚན་རེ་གཉིས་པའི་བར་དང་། དོན་ཚན་རེ་ལྔ་པ་བཅས་ཀྱི་ནང་གཏན་འབེབས་བྱས་པའི་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དེ་རྫོང་པ་རིམ་ཡན་གྱི་མི་དམངས་སྲིད་གཞུང་ས་གཤིས་གཏེར་ཁ་གཙོ་འགན་དོ་དམ་སྡེ་ཚན་གྱིས་གཏན་འཁེལ་བྱ་རྒྱུ་དང་། དོན་ཚན་རེ་གསུམ་པའི་ནང་གཏན་འབེབས་བྱས་པའི་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་ཁ་གཙོ་འགན་དོ་དམ་སྡེ་ཚན་ནས་གཏན་འཁེལ་བྱ་རྒྱུ། དོན་ཚན་རེ་བཞི་པའི་ནང་གཏན་འབེབས་བྱས་པའི་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དེ་རྫོང་རིམ་པ་རིམ་ཡན་གྱི་མི་དམངས་སྲིད་གཞུང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་གཏན་འཁེལ་བྱ་རྒྱུ།

རྩད་ཞིབ་ལག་ཁྱེར་དང་གཏེར་འདོན་ལག་ཁྱེར་མེད་པར་བཟོ་རྒྱུའི་སྲིད་འཛིན་གྱི་ཆད་པ་གཅོད་རིགས་དེ་སྔའི་ཐོ་འགོད་དོ་དམ་ལས་ཁུངས་གྱིས་གཏན་འཁེལ་བྱ་རྒྱུ།

དོན་ཚན་རེ་བརྒྱད་པ། ས་གཤིས་གཏེར་ཁ་གཙོ་འགན་དོ་དམ་སྡེ་ཚན་གྱི་རྒྱལ་ཁབ་ལས་དོན་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱི་རྒྱལ་ཁབ་ལས་བྱེད་པ་གཞན་དག་གིས་འགན་དབང་གང་བྱུང་སྤྱོད་པ་དང་། ཉེ་ཕྱོགས་གཡོ་ཟོལ། རང་འགན་སྣང་མེད། མི་བདེན་རྫུན་སྒྲིག གསང་བ་ཕྱིར་གྱར་བཅས་བྱས་པའི་ཁར་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱ་རྒྱུར་ཁྲིམས་འགལ་གྱིས་ཆོག་མཆན་སྤྲད་ཀྱང་། ཉེས་གསོག་གི་ཚད་ལ་མ་སླེབས་ཚེ་རང་གནས་སའི་ཚན་པ་དང་གོང་རིམ་གཙོ་འགན་དོ་དམ་ལས་ཁུངས་སམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་འཛིན་ཆད་པ་གཅོད་རྒྱུ།

དོན་ཚན་རེ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་བདུན་ཅུ་པ། སྲོལ་ཡིག་འདི་1999ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

(མུ་འགོད་རྫོགས་སོ)