国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月12日

འགོ་ཚུགས་ས་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

འཆར་འགོད་གསར་པ་བཀོད་དེ་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་དགོས། ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་པ་རྒྱལ་ཁའི་ངང་འཚོགས་པ་རེད། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྲོག་ཤིང་ལ་སྲུང་སྐྱོབ། དམིགས་ཚད་གཏན་འཁེལ། མ་འོངས་འཆར་འགོད། མཐུན་སྒྲིལ་འབད་འབུངས། ལེའུ་གསར་པ་བསྐྱར་རྩོམ་བཅས་ཀྱི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་འདུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། 《“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་ཨུ་ཡོན་ལྷན་ཁང་གི་གྲོས་འགོར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཐད་འབད་འབུངས་མདུན་སྐྱོད་བྱེད་དགོས་པའི་སྐུལ་སློང་བཀའ་རྒྱ་བཀྲམས་པ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་སློང་བྱས་ནས་བསམ་བློ་གཅིག་གྱུར་དང་། ཐུན་མོང་ངོས་འཛིན་གཅིག་སྒྲིལ། ལས་དོན་སྐུལ་འདེད་བཏང་སྟེ་འགོ་འཛུགས་ས་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་ཟབ་སྦྱོང་མཐིལ་རྟོགས་དང་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུ་ནི་ཆབ་མདོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་པར་ཆུད་པའི་སྔོན་འགྲོ་ལྟ་བུ་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རླབས་ཆེའི་ཇུས་བཀོད་བཟོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ཀྱི་འབྱུང་འགྱུར་གྱི་ཐབས་ལམ་འཆར་འགོད་བྱས་ཡོད། འདི་ནི་ཆབ་མདོས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་འཆར་འགོད་བཟོ་པའི་རྩ་བའི་གཞི་འཛིན་ས་ཡིན་ལ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་ནང་གནས་སྒུལ་ཤུགས་ལ་སྐུལ་སློང་བྱེད་པའི་གཏན་སྲུང་གི་འགག་རྩ་ཡང་རེད།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཆེ་རུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་། མཐའ་གསལ་མཐིལ་རྟོགས། བསམ་སྦྱོར་གཅིག་མཐུན་ཡོང་བར་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི”ལས་དོན་ཁག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཧུར་ཐག་སྐུལ་སྤེལ་གཏོང་དགོས།

“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་རྒྱུ་ནི་ཆབ་མདོ“ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར”འཛུགས་སྐྲུན་བྱེད་པའི་སྲོག་ཤིང་གི་ཐབས་ལམ་དེ་ཡིན། “དོན་ཆེན་བཞི”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཏོན་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ།“འཛུགས་གཏོད་བཞི”ནི་བོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་དང་ཧུར་ཐག་འཚོལ་ཞིབ་ཡིན། ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆབ་མདོ་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱ་ནན་ཏན་གྱིས་གསལ་འགྲེལ་བྱས་ཤིང་། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”དམིགས་ཚད་ལས་འགན་ཁ་གསལ་བཏོན་པ། “3+1+1”ལས་འགན་གལ་ཆེན་ལག་བསྟར་ཤུགས་ཆེན་བྱེད་པ། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། མཐའ་མཚམས་སྟོབས་ཆེར་སོགས་ཀྱི་བྱ་གཞག་ཁག་ལ་སྐུལ་སྤེལ་བཏང་བས་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པར་གོམ་སྟབས་བརྟན་པོ་སྤོས་ཡོད།

“ལམ་སེང་འཕྲལ་སྒྲུབ་དང་དངོས་འཛིན་དངོས་སྒྲུབ”བྱ་རྒྱུ་ནི་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་སྤེལ་གཏོང་བའི་འགག་རྩའི་འགན་ལེན་དེ་ཡིན། ཆབ་མདོའི་ངོས་ནས་བཤད་ན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ལྡན་ལ། གོ་སྐབས་དང་འགྲན་རྩོད་མཉམ་དུ་གནས་ཡོད།“ལམ་སེང་འཕྲལ་སྒྲུབ་དང་དངོས་འཛིན་དངོས་སྒྲུབ”དེ་ཁྲག་རྒྱུན་དུ་འདྲེས་པ་དང་བྱ་སྤྱོད་དུ་འགྱུར་བར་བྱས་ན། གཞི་ནས་རྙོག་འཛིང་གི་ཁྲོད་ནས་གོ་སྐབས་ཐོབ་པ་དང་དཀའ་གནད་འགག་སྒྲོལ་ལས་རྣམ་པ་གསར་པ་ཕྱེས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་གྱི་གོམ་པ་རེ་རེ་ནུས་ཤུགས་བརྟན་པོས་སྤོ་རུ་འཇུག་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི《གྲོས་འགོ》ཡིས་འཕེལ་རྒྱས་ཀྱི་གནས་བབ་དང་ཐབས་ཇུས་ཀྱི་གོ་སྐབས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འབྱུང་འགྱུར་ལོ་ལྔའི་ནང་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་བླང་བྱ། རྩ་བའི་དམིགས་འབེན་དང་ལས་འགན་གལ་ཆེན་བཅས་བཏོན་ཡོད། 《གྲོས་འགོ》ཡིས་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་ལ་དོ་སྣང་། གཙོ་གནད་ཐབས་ཇུས་འབུར་དུ་ཐོན་པ། ཆབ་མདོའི་ཐུན་མོང་མ་ཡིན་པ་མངོན་ཡོད་པས། དེ་ལ་འཐབ་ཇུས་རང་བཞིན་དང་། སྔོན་དཔག་རང་ཞིན། མཛུབ་ཁྲིད་རང་བཞིན་ལྡན་པ་དང་། དེ་ནི་གྲོང་ཁྱེར་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།

བརྗིད་ཆེའི་འཆར་གཞི་བཀོད་ནས་འབད་འཐབ་བྱེད་པའི་དུས་ལ་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི”ལེའུ་གསར་པ་ཧུར་ཐག་རྩོམ་པ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ”པར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས།