འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས8ཉིན། གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ《ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》ལ་ཞིབ་འཇུག་དང་གྲོས་སྡུར་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཆར་འགོད་གཞི་རྩའི་ཆ་ནས་ལེགས་བཅོས་དང་འཐུས་ཚང་དུ་བཏང་ཚུལ་ལ་གསན་པ་དང་། ཚོགས་ཞུགས་མི་སྣས་ཆབ་མདོའི་འཕེལ་རྒྱས་ཀྱི་དོན་དངོས་དང་འབྲེལ་ཏེ་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ལའོ་ཆིན་འུའུ་ཡིས་དུས་སྐབས་སྔོན་གྱི་འཆར་འགོད་དང་སྒྲིག་གཞིའི་ལས་དོན་ཁས་ལེན་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “འགྱུར་བ་གསུམ”གྱི་འཕེལ་རྒྱས་ཀྱི་ངེས་གནས་དང“3+1+1”ལས་འགན་གལ་ཆེན་དམ་པོར་དམིགས་ཏེ་ཆབ་མདོའི་འཕེལ་རྒྱས་ཐད་ཀྱི་གནས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ཚན་རིག་ལྟར་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་། གཙོ་གནད་ལས་འགན། འཐབ་ཇུས་བྱ་ཐབས་བཅས་གཏན་འཁེལ་བྱེད་དགོས། ཆབ་མདོའི་དོན་དངོས་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང“ཆབ་མདོས་ཅི་ཞིག་སྒྲུབ་དགོས་པ”“ཅི་ལྟར་སྒྲུབ་པ”“སྒྲུབ་ནས་ཚད་ཅི་ལྟ་བུར་སླེབས་པའི”གནད་དོན་ལ་ལན་ཡག་པོ་བཏབ་སྟེ། སྤུས་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས། ཞིབ་བཤེར་ཞུ་རྒྱུའི་མ་ཡིག་ལེགས་བཅོས་དང་འཐུས་ཚང་དུ་བཏང་སྟེ། འཆར་འགོད་ཀྱི་འགྲེལ་བཤད་ཁ་གསལ་ཞིང་ནང་དོན་དངོས་ཡིན་པ། ཚགས་ཚུད་པོ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

