国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月12日

ཆབ་མདོ་གྲོང་ཁྱེར་གྱི“བོད་ཤར་གྱི་བཟོ་བོ”རྟགས་མའི་ལས་རིགས་ལག་རྩལ་འགྲན་སྡུར་ཆེ་མོ་སྐབས་གཉིས་པ་འགོ་ཚུགས་པ།

འདི་ནི་གློག་ལས་རྣམ་གྲངས་ཀྱི་འགྲན་སྡུར་བྱ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས9ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱི“བོད་ཤར་གྱི་བཟོ་བོ”རྟགས་མའི་ལས་རིགས་ལག་རྩལ་འགྲན་སྡུར་ཆེ་མོ་སྐབས་གཉིས་པ་དངོས་སུ་འགོ་ཚུགས་པ་དང་། ཐེངས་འདིའི་འགྲན་སྡུར་ཆེ་མོ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་འགན་སྒྲུབ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རོགས་སྒྲུབ་བྱས་པ་ཞིག་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་འཐུས་ཚབ་རུ་ཁག14དང་ལག་རྩལ་བདམས་ཐོན་པ100ལྷག་གིས་འགྲན་རའི་ནང་གར་སྟེགས་གཅིག་ཏུ་འགྲན་སྡུར་བྱས་ཡོད།

འགྲན་སྡུར་ཆེ་མོས“བཟོ་བོའི་ཕུགས་འདུན་བསྐྲུན། ལག་རྩལ་གྱིས་བོད་དར་བྱེད།”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་འགྲན་སྡུར་དྲང་བདེན་དང་། ཆེད་ལས། ཚད་ལྡན་ཡོང་བར་འགན་ལེན་བྱ་ཆེད་སྒྲིག་འཛུགས་ཨུ་ལྷན་གྱིས་དམིགས་བསལ་སྒོས་ཞ་མོན་ལག་རྩལ་པའི་སློབ་གླིང་གི་གློག་ཤུགས་ལས་གྲྭ་སྡེ་ཁག་དང་ཁྲུང་ཆིན་འཛུགས་སྐྲུན་ལག་རྩལ་པའི་སློབ་གླིང་སོགས་ཚན་པའི་ཆེད་མཁས་པ་ལས་གྲུབ་པའི་ཤན་འབྱེད་རུ་ཁག་གདན་འདྲེན་ཞུས་ཡོད།

ཐེངས་འདིའི་འགྲན་སྡུར་ཐོག་གདོང་སྐྲ་མཛེས་བཟོ་དང་། གློག་ལས། ཚ་ལས། ལྕགས་ཧྲང་། གཡོས་སྦྱོར། མགྲོན་ཁང་ཞབས་ཞུ་སོགས་འགྲན་སྡུར་རྣམ་གྲངས7བཀོད་སྒྲིག་བྱས་ཡོད་པ་དང་། ཞིང་འབྲོག་པའི་ཚོགས་ཆུང་དང་ཆེད་ལས་ཚོགས་ཆུང་བཅས་བཙུགས་ཏེ་རྣམ་གྲངས་ཚོགས་ཆུང་ཁག་མཐར་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་རེ་རེར་མི1བདམས་ཐོན་བྱུང་བ་རེད།