འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས5ཉིན་ནི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཨང་40པ་རེད། ཉིན་དེའི་སྔ་དྲོར། གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ཏེ་ཇ་རྟ་ཐང་ཆེན་དུ“དང་བླངས་སྟོབས་ཤུགས་གཅིག་ཏུ་སྒྲིལ། མཛེས་སྡུག་སྤྱི་ཚོགས་མཉམ་སྐྲུན་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། “སྐྱེས་འབུལ། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ཡོད། གྲོང་ཁྱེར་ཐད་གཏོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བ་དང་དང་བླངས་པའི་རུ་ཁག20ཡི་འཐུས་མི་བཅས་མི200ལྷག་བྱེད་སྒོ་ནང་ཞུགས་ཡོད།
བྱེད་སྒོ་ཡུལ་དངོས་སུ་དྲིལ་བསྒྲགས་བརྙན་ཐུང་སྟོན་པ་དང་། དང་བླངས་པར་གོན་པ་སྤྲད་པ། དང་བླངས་པས་དམ་བཅའ་འཇོག་པ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སོགས་ཀྱི་བྱ་ཐབས་སྣ་མང་གི་ཐོག་ནས་ཆབ་མདོའི་དང་བླངས་ཞབས་ཞུ་གཞི་རིམ་དུ་རྩ་བ་ཚུགས་པ་དང་། དམངས་འཚོར་ཞབས་ཞུ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་ཡོང་བར་ཁྲིད་སྟོན་བྱས་ཏེ་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་ནང་ཧུར་ཐག་ཞུགས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། བྱེད་སྒོ་ནང་ཁྱོན་དྲིལ་བསྒྲགས་ཤོག་ལྷེབ1000ལྷག་དང་། དྲིལ་བསྒྲགས་དངོས་པོ1000ལྷག་སྤྲད་པའི་ཁར། དྲིལ་བསྒྲགས་བརྙན་ཐུང་དང་སྦྱར་ཡིག21བསྟན་པས་མང་ཚོགས་ཁྱོན1000ལ་སློབ་གསོ་ཐེབས་ཡོད།
2025ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་པ་མཛེས་ཤོས་དང་རྫ་ཟམ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པ་གཡུང་མཚོ་ཡིས། ང་རང་གིས་མིག་དཔེ་ནི་འགན་འཁྲི་ཞིག་ཡིན་ལ་ཁྲིད་སྟོན་ཞིག་དེ་བས་ཀྱང་ཡིན་པ་ཤེས་བྱུང་། རྗེས་མར་ང་རང་གིས་དང་བླངས་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་དང་བླངས་པའི་སྙིང་སྟོབས་ཀྱི་ལག་ལེན་པ་དང་། བརྒྱུད་སྤེལ་མཁན་ཞིག་བྱེད་པ་དང་། ཆེད་ལས་ཀྱི་རྣམ་འགྱུར་ལ་བརྟེན་ནས་ཞབས་ཞུའི་སྤུས་ཚད་ཆེ་རུ་གཏོང་བ་དང་ཉེ་གམ་གྱི་སྟོབས་ཤུགས་ཧུར་ཐག་གིས་སྐུལ་སྤེལ་བྱེད་པ། ཞབས་ཞུའི་ཉམས་མྱོང་མཉམ་སྤྱོད་གཏོང་བ། མི་དེ་བས་མང་པོ་དང་བླངས་པའི་དཔུང་ཁག་ནང་ཞུགས་པར་བྱས་ཏེ། ཆབ་མདོའི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
མིག་སྔའི་བར། ཆབ་མདོར་ཁྱོན་དང་བླངས་ཞབས་ཞུའི་དཔུང་ཁག2038ཡོད་པ་དང་། ཐོ་འགོད་བྱས་པའི་དང་བླངས་པ48000གིས་གྲོང་གསེབ་དར་རྒྱས་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཁྱབ་ཁོངས་སུ་ཞུགས་ཏེ། དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས་དང་བླངས་པའི་སྙིང་སྟོབས་ལག་ལེན་བསྟར་ཏེ། ཆབ་མདོའི་དང་བླངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་བཞིན་ཡོད།

