(ཚགས་པར་གོང་མར་མཐུད) གཏེར་ཁ་འཚོལ་དབང་བེད་སྤྱོད་བྱེད་གྲོན་དང་གཏེར་ཁ་འཚོལ་དབང་གི་རིན་དངུལ་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་ཆ་རྐྱེན་དང་མཐུན་ཚེ་གཏེར་ཁ་འདོན་དབང་རེ་འདུན་ཞུ་མཁན་གྱིས་རེ་འདུན་ཞུས་པ་བརྒྱུད་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲད་རྗེས་ཆག་ཡང་དང་རྩ་ཆག་བཏང་ན་འགྲིག
ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཐོ་འགོད་མ་བྱས་པ་རྣམས་ངེས་པར་དུ་གཏེར་ཁ་འཚོལ་དབང་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་བཅུ་དྲུག་པ། གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་རྩད་ཞིབ་བྱ་རྒྱུའི་ཆོག་མཆན་ཐོབ་པའི་རྩད་ཞིབ་བྱེད་ཁོངས་ནང་རྩད་ཞིབ་ཀྱི་ལས་ཀ་བྱེད་དབང་ཡོད་པ་དང་རྩད་ཞིབ་བྱེད་ཁོངས་ནང་ནས་གཏེར་རིགས་སྔོན་ལ་རྙེད་མཁན་དེར་སྔོན་ལ་གཏེར་ཁ་འཚོལ་དབང་དང་སྔོག་འདོན་བྱེད་དབང་ཡོད། གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་གཏེར་རིགས་གཙོ་གྲས་རྩད་ཞིབ་བྱེད་པ་དང་སྦྲགས་ངེས་པར་དུ་དེའི་མཉམ་ཐོན་དང་ཞོར་ཐོན་གྱི་གཏེར་རྫས་ལ་ཕྱོགས་བསྡུས་རྩད་ཞིབ་ཀྱི་གདེང་འཇོག་བྱེད་དགོས།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱི་དམིགས་བསལ་གཏན་འབེབས་ཡོད་པ་ཕུད་དེ་བྱིངས་ཀྱི་རྩད་ཞིབ་འཁྲོལ་འཛིན་གོ་ཆོད་པའི་ཡུན་ཚད་རིང་ཤོས་ལོ་གསུམ་ཡིན། རྩད་ཞིབ་འཁྲོལ་འཛིན་དེ་ཁྲིམས་ལྟར་དུས་ཚད་རིང་དུ་གཏོང་རྒྱུ་དང་། འགྱུར་བ་གཏོང་རྒྱུའམ་ཡང་ན་གཏེར་ཁ་འཚོལ་དབང་སོར་འཇོག་བྱ་རྒྱུ་བཅས་དགོས་པའི་དབང་གིས་རེ་འདུན་ཞུས་ན་འགྲིག
གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་དུས་ཚད་ལས་བརྒལ་ནས་རྒྱུན་མཐུད་སྔོག་འདོན་བྱ་རྒྱུའི་ཐོ་འགོད་འགྲོ་ལུགས་མ་གཉེར་ཚེ་རྩད་ཞིབ་འཁྲོལ་འཛིན་དེ་རང་ཤུགས་ཀྱིས་རྩིས་མེད་དུ་འགྲོ་གི་ཡོད། ལུགས་མཐུན་གྱི་རྒྱུ་མཚན་ལ་བརྟེན་ནས་རྩད་ཞིབ་ཀྱི་རྣམ་གྲངས་མེད་པ་བཟོ་བའམ་ཡང་ན་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་དེ་བཞིན་གཏེར་ཁ་འཚོལ་དབང་སོར་འཇོག་བྱེད་པའི་དུས་ཚད་ཐིམ་པ་བཅས་ཡིན་ཚེ་རྩད་ཞིབ་འཁྲོལ་འཛིན་དེ་ངེས་པར་དུ་མེད་པ་བཟོ་དགོས།
དོན་ཚན་བཅོ་བརྒྱད་པ། གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་ངེས་པར་དུ་རྩད་ཞིབ་འཁྲོལ་འཛིན་བླངས་ཉིན་ནས་བཟུང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྩད་ཞིབ་ཀྱི་གཏོང་ཆ་ཉུང་ཤོས་ཐོག་ནས་ལེགས་གྲུབ་བྱེད་དགོས།
རང་བྱུང་གནོད་འཚེ་སོགས་ལྡོག་ཐབས་མེད་པའི་རྒྱུ་རྐྱེན་ལས་རྩད་ཞིབ་ཀྱི་ལས་ཀ་རྒྱུན་ལྡན་བཞིན་བྱེད་མ་ཐུབ་ཚེ་གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་ངེས་པར་དུ་རྒྱུན་ལྡན་གྱི་རྩད་ཞིབ་ལས་ཀ་བསྐྱར་གསོ་བྱས་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་ཐོ་འགོད་དོ་དམ་ལས་ཁུངས་ལ་དེ་མཚུངས་ཀྱི་རྩད་ཞིབ་གཏོང་ཆ་ཉུང་ཤོས་ཞིབ་འཐེན་ཡོང་རེ་ཞུ་བའི་སྙན་ཞུ་འབུལ་དགོས་པ་དང་། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྙན་ཞུ་འབྱོར་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་མཆན་བཀོད་བཀའ་ལན་སློག་དགོས།
དོན་ཚན་བཅུ་དགུ་པ། གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་ངེས་པར་དུ་རྩད་ཞིབ་འཁྲོལ་འཛིན་བླངས་ཉིན་ནས་བཟུང་ཟླ་བ་དྲུག་གི་ནང་ཚུན་དུ་ལས་འགོ་འཛུགས་དགོས། རྩད་ཞིབ་ཀྱི་ལས་འགོ་ཚུགས་སྐབས་ངེས་པར་དུ་རྩད་ཞིབ་རྣམ་གྲངས་ཡོད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་མ་ཟད་ཐོ་འགོད་དོ་དམ་ལས་ཁུངས་ལ་ལས་འགོ་ཚུགས་པའི་གནས་ཚུལ་སྙན་སེང་ཞུ་དགོས།
དོན་ཚན་ཉི་ཤུ་པ། གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་རྩད་ཞིབ་འཁྲོལ་འཛིན་གྱི་གོ་ཆོད་དུས་ཚད་ནང་རྩད་ཞིབ་བྱེད་སྐབས་འཚོལ་རིམ་བཞིན་དུ་སྔོག་འདོན་བྱ་རྒྱུའི་རྒྱལ་ཁབ་ཀྱི་གཏན་འབེབས་དང་བླང་བྱ་དང་མཐུན་པའི་གཏེར་རྫས་ཆགས་གཞི་རྙོག་རྫིང་ཆེ་རིགས་བཙལ་རྙེད་ཐུབ་ཚེ་སྔོག་འདོན་བྱ་རྒྱུའི་རེ་འདུན་ཞུ་ཆོག་པ་དང་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་རྗེས་གཏེར་ཁ་སྔོག་འདོན་བྱ་རྒྱུའི་འགྲོ་ལུགས་གཉེར་དགོས།
དོན་ཚན་ཉེར་གཅིག་པ། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཕྱིན་གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་ངེས་པར་དུ་རྩད་ཞིབ་འཁྲོལ་འཛིན་གྱི་གོ་ཆོད་དུས་ཚད་ནང་ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་འགོད་བརྗེ་སྒྱུར་བྱ་རྒྱུའི་རེ་འདུན་ཞུ་དགོས་པ་སྟེ།
(གཅིག)རྩད་ཞིབ་བྱེད་ཁོངས་རྒྱ་ཆེར་གཏོང་བའམ་ཡང་ན་ཆུང་དུ་གཏོང་བ་དང་།
(གཉིས)བཙལ་བྱའི་གཏེར་རིགས་ལ་འགྱུར་བ་གཏོང་བ།
(གསུམ)གཏེར་ཁ་འཚོལ་དབང་འཚོང་བཤུག་གཏོང་རྒྱུར་ཁྲིམས་ལྟར་ཆོག་མཆན་སྤྲོད་པ།
(བཞི)གཏེར་ཁ་འཚོལ་དབང་ཡོད་མཁན་གྱི་མིང་ངམ་ཡང་ན་གནས་ཡུལ་འགྱུར་བ་གཏོང་བ་བཅས་སོ།
དོན་ཚན་ཉེར་གཉིས་པ། རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ས་གཤིས་བརྟག་དཔྱད་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐོ་འགོད་དོ་དམ་ལས་ཁུངས་ལ་ས་གཤིས་བརྟག་དཔྱད་ཀྱི་འགྲོ་ལུགས་གཉེར་དགོས།
དོན་ཚན་ཉེར་གསུམ་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་བྱས་འབྲས་ཀྱི་ཡིག་ཚགས་དཔྱད་ཡིག་དང་གཏེར་རིགས་འདུས་འབོར་གྱི་བསྡོམས་རྩིས་དཔྱད་ཡིག་ལ་གཅིག་གྱུར་གྱི་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་ཕྱོགས་བསྡུས་རྩིས་འབུལ་ཞུ་དགོས་པའམ་ཡང་ན་རེའུ་མིག་བཀོད་དེ་འབུལ་དགོས།
རྩད་ཞིབ་སྙན་ཞུ་དང་རིན་ཐང་ལྡན་པའི་རྩད་ཞིབ་དཔྱད་ཡིག་གཞན་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རིན་དོད་ཡོད་པའི་ཐོག་ནས་བེད་སྤྱོད་གཏོང་རྒྱུ།
ལེའུ་གསུམ་པ། གཏེར་རྫས་ཐོན་ཁུངས་སྔོག་འདོན།
དོན་ཚན་ཉེར་བཞི་པ། གཤམ་གསལ་གྱི་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱ་རྒྱུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཞིབ་མཆན་ཐོ་འགོད་བྱས་ནས་གཏེར་འདོན་འཁྲོལ་འཛིན་སྤྲོད་དགོས་པ་སྟེ།
(གཅིག)གཏེར་རྫས་འདུས་འབོར་འབྲིང་གྲས་ཡིན་པའི་གཏེར་རྫས་ཐོན་ཁུངས་དང་།
(གཉིས)གཏེར་ཁུལ་ཁྱབ་ཁོངས་གྲོང་ཁྱེར(ས་གནས)གྱི་སྲིད་འཛིན་ས་ཁོངས་ལས་བརྒལ་བའི་གཏེར་རྫས་ཐོན་ཁུངས།
(གསུམ)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་ཞིབ་མཆན་ཐོ་འགོད་བྱ་རྒྱུའི་དབང་ཆ་སྤྲད་པའི་གཏེར་རྫས་ཐོན་ཁུངས་བཅས་སོ།
གཤམ་གསལ་གྱི་གཏེར་རྫས་ཐོན་ཁུངས་རིགས་སྔོག་འདོན་བྱ་རྒྱུར་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ས་གནས་སྲིད་འཛིན་ཀུང་ཧྲུའི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་སྲོལ་ཡིག་འདི་གཞིར་བཟུང་ཞིབ་མཆན་ཐོ་འགོད་བྱས་ནས་གཏེར་འདོན་འཁྲོལ་འཛིན་སྤྲོད་དགོས་པ་སྟེ།
(གཅིག)གཏེར་རྫས་གསོག་འབོར་གྱི་གཞི་ཁྱོན་ཆུང་གྲས་ཡིན་པའི་གཏེར་རྫས་ཐོན་ཁུངས་དང་།
(གཉིས)གཏེར་ཁུལ་ཁྱབ་ཁོངས་རྫོང(གྲོང་ཁྱེར་དང་ཆུད)གི་སྲིད་འཛིན་ས་ཁོངས་ལས་བརྒལ་བའི་གཏེར་རྫས་ཐོན་ཁུངས།
(གསུམ)རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ས་གནས་སྲིད་འཛིན་ཀུང་ཧྲུའི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་ཞིབ་མཆན་ཐོ་འགོད་བྱ་རྒྱུའི་དབང་ཆ་སྤྲད་པའི་གཏེར་རྫས་ཐོན་ཁུངས་བཅས་སོ།
ཁ་ཐོར་ཆུང་ཙག་གི་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱ་རྒྱུར་རྫོང་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་སྲོལ་ཡིག་འདི་གཞིར་བཟུང་ཞིབ་མཆན་ཐོ་འགོད་བྱས་ནས་གཏེར་འདོན་འཁྲོལ་འཛིན་སྤྲོད་དགོས།
མི་སྒེར་གྱིས་རང་མཁོའི་གཏེར་རྫས་ཕྲན་བུ་སྔོག་འདོན་བྱེད་པར་སྔོག་ས་ཐོ་འགོད་བྱེད་མི་དགོས་ཤིང་། དེར་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་སྔོག་ས་དམིགས་འཛུགས་བྱས་ན་འགྲིག
དོན་ཚན་ཉེར་ལྔ་པ། གཏེར་རྫས་གསོག་འབོར་གྱི་གཞི་ཁྱོན་འབྲིང་གྲས་ཡན་གྱི་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)གཏེར་རྫས་གསོག་འབོར་དོ་དམ་སྡེ་ཚན་གྱིས་ཞིབ་མཆན་བཀོད་པའི་ས་གཤིས་རྩད་ཞིབ་ཀྱི་སྙན་ཞུ་ཞིབ་ཕྲ་ཡོད་པ་དང་།
(གཉིས)གཏེར་ལས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་སྙན་ཞུ་ཡོད་པ།
(གསུམ)ལུགས་དང་མཐུན་པའི་གཏེར་ཁ་སྔོག་འདོན་གྱི་ཇུས་འགོད་ཡོད་པ།
(བཞི)གཏན་འཁེལ་བྱས་པའི་གཏེར་ཁུལ་ཁྱབ་ཁོངས་ཡོད་པ།
(ལྔ)གཏེར་རི་འཛུགས་སྐྲུན་གྱི་གཞི་ཁྱོན་དང་འཚམ་པའི་མ་དངུལ་དང་། སྒྲིག་ཆས། ལག་རྩལ་པ་ཡོད་པ་བཅས་སོ།
དོན་ཚན་ཉེར་དྲུག་པ། གཏེར་རྫས་གསོག་འབོར་གྱི་གཞི་ཁྱོན་ཆུང་གྲས་ཡིན་པའི་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)གཏེར་རྫས་གསོག་འབོར་དོ་དམ་སྡེ་ཚན་གྱིས་ཞིབ་མཆན་བཀོད་པའི་ས་གཤིས་རྩད་ཞིབ་ཀྱི་ཡོངས་ཁྱབ་སྙན་ཞུ་ཡོད་པ་དང་།
(གཉིས)ལུགས་དང་མཐུན་པའི་གཏེར་ཁ་སྔོག་འདོན་གྱི་ཇུས་འགོད་ཡོད་པ།
(གསུམ)ཆོག་མཆན་ཐོབ་ཟིན་པའི་རྩོད་གཞི་མེད་པའི་གཏེར་ཁུལ་ཁྱབ་ཁོངས་ཡོད་པ།
(བཞི)གཏེར་ལས་འཛུགས་སྐྲུན་གྱི་གཞི་ཁྱོན་དང་འཚམ་པའི་མ་དངུལ་དང་། སྒྲིག་ཆས། ལག་རྩལ་པ་ཡོད་པ་བཅས་སོ།
དོན་ཚན་ཉེར་བདུན་པ། ཁ་ཐོར་ཆུང་ཙག་གི་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)ས་གཤིས་རྩད་ཞིབ་ཀྱི་འོས་བབ་ཡོད་པའི་ཚན་པས་ཕུལ་བའི་ལས་ཀའི་ཚད་དེ་གཏེར་གནས་ཀྱི་ཞིབ་བཤེར་སྙན་ཞུའི་ས་གཤིས་དཔྱད་ཡིག་ལས་དམའ་བ་མེད་པ་དང་།
(གཉིས)ཅུང་ལུགས་དང་མཐུན་པའི་གཏེར་ཁ་སྔོག་འདོན་གྱི་ཇུས་གཞི་ཡོད་པ།
(གསུམ)ཆོག་མཆན་ཐོབ་ནས་རྩོད་གཞི་མེད་པའི་གཏེར་ཁུལ་ཁྱབ་ཁོངས་ཡོད་པ་བཅས་སོ།
དོན་ཚན་ཉེར་བརྒྱད་པ། གཏེར་ཁ་འདོན་དབང་རེ་འདུན་ཞུ་མཁན་གྱིས་གཏེར་འདོན་འཁྲོལ་འཛིན་ཞུ་སྐབས་ངེས་པར་དུ་ཐོ་འགོད་དོ་དམ་ལས་ཁུངས་ལ་གཤམ་གསལ་གྱི་དཔྱད་ཡིག་འབུལ་དགོས་པ་སྟེ།
(གཅིག)ཐོ་འགོད་རེ་འདུན་ཞུ་ཡིག་དང་གཏེར་ཁུལ་ཁྱབ་ཁོངས་འདི་ཡིན་གྱི་ས་བཀྲ་དང་།
(གཉིས)གཏེར་ཁ་འདོན་དབང་རེ་འདུན་ཞུ་མཁན་གྱི་འོས་ཐོབ་ཆ་རྐྱེན་གྱི་དཔང་ཡིག
(གསུམ)གཏེར་རྫས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཇུས་གཞི།
(བཞི)ཁྲིམས་ལྟར་གཏེར་འདོན་ཁེ་ལས་འཛུགས་རྒྱུའི་ཆོག་མཆན་ཐོབ་ཡིག
(ལྔ)གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱས་པ་དེས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་གི་དཔྱད་གདེང་སྙན་ཞུ་དང་ས་ཆུ་སྲུང་འཛིན་གྱི་ཇུས་གཞི།
(དྲུག)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་དཔྱད་ཡིག་གཞན་དག་བཅས་སོ།
དོན་ཚན་ཉེར་དགུ་པ། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རེ་འདུན་ཞུ་ཡིག་འབྱོར་ཉིན་ནས་ཉིན་བཞི་བཅུའི་ནང་ཚུན་དུ་ཐོ་འགོད་ཆོག་མིན་གཏན་འཁེལ་བྱ་རྒྱུ་མ་ཟད། གཏེར་ཁ་འདོན་དབང་རེ་འདུན་བྱེད་མཁན་ལ་བརྡ་ཐོ་གཏོང་དགོས།
ཐོ་འགོད་ཀྱི་ཆོག་མཆན་ཐོབ་རྗེས་གཏེར་ཁ་འདོན་དབང་རེ་འདུན་ཞུ་མཁན་གྱིས་ངེས་པར་དུ་བརྡ་ཐོ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་ཐོ་འགོད་དོ་དམ་ལས་ཁུངས་ལ་གཏེར་ཁ་འདོན་དབང་བེད་སྤྱོད་གྲོན་དངུལ་དང་། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏེར་ཁ་རྩད་ཞིབ་ལ་མ་དངུལ་བཏང་ནས་ཐོབ་པའི་གཏེར་ཁ་འཚོལ་དབང་གི་རིན་དངུལ་འབུལ་དགོས་ཤིང་། ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བསྒྲུབས་པ་དང་། གཏེར་འདོན་འཁྲོལ་འཛིན་བླངས་རྗེས་གཏེར་ཁ་འདོན་དབང་ཡོད་མཁན་ལ་གྱུར་པ་ཡིན།
ཐོ་འགོད་ཀྱི་མོས་མཐུན་མ་ཐོབ་མཁན་ལ་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་རེ་འདུན་ཞུ་ཡིག་འབྱོར་ཉིན་ནས་ཉིན་བཞི་བཅུའི་ནང་ཚུན་དུ་ཡིག་ཐོག་ནས་གཏེར་ཁ་འདོན་དབང་རེ་འདུན་ཞུ་མཁན་ལ་རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་སུམ་ཅུ་པ། གཏེར་ཁ་འདོན་དབང་བེད་སྤྱོད་གྲོན་དངུལ་དང་གཏེར་ཁ་འདོན་དབང་གི་རིན་དངུལ་ཐད་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་པར་གཏེར་ཁ་འདོན་དབང་ཡོད་མཁན་གྱིས་རེ་འདུན་ཞུས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་ཁྲིམས་ལྟར་ཞིབ་བཤེར་ཆོག་མཆན་སྤྲད་རྗེས་ཆག་ཡང་དང་རྩ་ཆག་བཏང་ན་འགྲིག་པ་སྟེ།
(གཅིག)ཐག་རིང་ལུང་ཁུག་དང་ས་ཁུལ་དབུལ་པོའི་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་པ་དང་།
(གཉིས)རྒྱལ་ཁབ་ལ་ཁ་ཐང་བའི་གཏེར་ཁའི་རིགས་སྔོག་འདོན་བྱེད་པ།
(གསུམ)རང་བྱུང་གནོད་འཚེ་སོགས་ལྡོག་ཐབས་མེད་པའི་རྒྱུ་རྐྱེན་གྱིས་གཏེར་འདོན་ཁེ་ལས་ལ་གྱོང་གུན་ཆེན་པོ་བཟོས་པའམ་ཡང་ན་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་བྱུང་བ།
(བཞི)རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།
གཏེར་ཁ་འདོན་དབང་བེད་སྤྱོད་གྲོན་དངུལ་དང་། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏེར་ཁ་རྩད་ཞིབ་ལ་མ་དངུལ་བཏང་ནས་ཐོབ་པའི་གཏེར་ཁ་འཚོལ་དབང་གི་རིན་དངུལ་འབུལ་དགོས་ཤིང་། ཞིབ་ཕྲའི་བྱ་ཐབས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱེད་དགོས་པ་མ་ཟད། སྔོན་རྩིས་ཀྱི་ཁོངས་སུ་བཅུག་ནས་དོ་དམ་ཡང་བྱེད་དགོས།
དོན་ཚན་སོ་གཅིག་པ། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་གཏེར་འདོན་འཁྲོལ་འཛིན་སྤྲད་རྗེས་ངེས་པར་དུ་གཏེར་ཁུལ་ཁྱབ་ཁོངས་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་བརྡ་ཐོ་གཏོང་དགོས་པ་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བརྡ་ཐོ་འབྱོར་ཉིན་ནས་ཉིན་དགུ་བཅུའི་ནང་ཚུན་དུ་གཏེར་ཁུལ་ཁྱབ་ཁོངས་སུ་སྤྱི་བསྒྲགས་སྤེལ་དགོས་པ་མ་ཟད། གཏེར་ཁ་འདོན་དབང་ཡོད་མཁན་གྱི་རེ་བ་ལྟར་ས་མཚམས་དབྱེ་རྟགས་རྒྱག་པའམ་ཡང་ན་ས་ངོས་ཀྱི་མཚོན་རྟགས་འགེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།
ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཐོ་འགོད་འགྲོ་ལུགསགཉེར་་བསྒྲུབས་རྗེས་ངེས་པར་དུ་དུས་བཀག་ནང་འབྲེལ་ཡོད་དཔྱད་ཡིག་རྣམས་རིམ་པ་བཞིན་རིམ་པ་གཅིག་གིས་མཐོ་བའི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
དོན་ཚན་སོ་གཉིས་པ། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ་གཏེར་ཁ་འདོན་དབང་ཡོད་མཁན་གྱིས་ངེས་པར་དུ་གཏེར་འདོན་འཁྲོལ་འཛིན་གྱི་གོ་ཆོད་དུས་ཚད་ནང་ཐོ་འགོད་དོ་དམ་ལས་ཁུངས་ལ་བརྗེ་སྒྱུར་གྱི་ཐོ་འགོད་བྱ་རྒྱུའི་རེ་འདུན་ཞུ་དགོས་པ་སྟེ།
(གཅིག)གཏེར་ཁུལ་ཁྱབ་ཁོངས་བརྗེ་སྒྱུར་བྱེད་པ་དང་།
(གཉིས)སྔོག་འདོན་བྱེད་པའི་གཏེར་རིགས་གཙོ་བོ་བརྗེ་སྒྱུར་བྱེད་པ།
(གསུམ)སྔོག་འདོན་བྱེད་སྟངས་བརྗེ་སྒྱུར་བྱེད་པ།
(བཞི)གཏེར་འདོན་ཁེ་ལས་ཀྱི་མིང་ངམ་ཡང་ན་གནས་ཡུལ་བརྗེ་སྒྱུར་བྱེད་པ།
(ལྔ)ཁྲིམས་ལྟར་ཆོག་མཆན་ཐོབ་ནས་གཏེར་ཁ་འདོན་དབང་ནང་བཤུག་གཏོང་བ་བཅས་སོ།
ལེའུ་བཞི་པ། གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་བརྒྱུད་བཤུག
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་དབང་ཚད་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་བརྒྱུད་བཤུག་གཏོང་བར་ཞིབ་མཆན་འགོད་རྒྱུའི་འགན་འཁུར་དགོས།
དོན་ཚན་སོ་བཞི་པ། གཏེར་ཁ་འཚོལ་དབང་ནང་བཤུག་གཏོང་བར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་རྩད་ཞིབ་འཁྲོལ་འཛིན་བླངས་པའི་ཉིན་ནས་དུས་ཡུན་ལོ་གཉིས་སོང་བའམ་ཡང་ན་རྩད་ཞིབ་བྱེད་ཁུལ་དུ་ད་དུང་རྩད་ཞིབ་སྔོག་འདོན་བྱ་རྒྱུ་ཡོད་པའི་གཏེར་རྫས་རིགས་རྙེད་པ་དང་།
(གཉིས)གཏེར་ཁ་འཚོལ་དབང་ཡོད་མཁན་གྱིས་གཏན་འབེབས་བྱས་པའི་རྩད་ཞིབ་ཀྱི་གཏོང་ཆ་ཉུང་ཤོས་ཐོག་ནས་ལེགས་གྲུབ་བྱེད་པ།
(གསུམ)གཏེར་ཁ་འཚོལ་དབང་ལ་རྩོད་གཞི་མེད་པ།
(བཞི)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཏེར་ཁ་འཚོལ་དབང་བེད་སྤྱོད་གྲོན་དངུལ་དང་གཏེར་ཁ་འཚོལ་དབང་གི་རིན་དངུལ་འཇལ་ཟིན་པ།
(ལྔ)རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་སོ།། (མུ་འགོད)

