国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月05日

ཆབ་མདོའིG214ཡི་ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་ལམ་དུམ་གསར་སྐྲུན་སྒྱུར་བཀོད་ཀྱི་ལས་གྲྭ་འགོ་ཚུགས་པ།

འདི་ནི་ལས་འགོ་ཚུགས་པའི་མཛད་སྒོ་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་1ཉིན། ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ལམ་G214ཡི་ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་ལམ་དུམ་གསར་སྐྲུན་སྒྱུར་བཀོད་ཀྱི་ལས་གྲྭ་འགོ་འཛུགས་པའི་མཛད་སྒོ་འཚོགས་ཤིང་། རྒྱལ་ལམ་G214ལམ་བུའི་ཆབ་མདོ་ནས་ལྕགས་ཁའི་བར་གྱི་དུས་ཐེངས་དང་པོའི་ལས་གྲྭའི་སྣུར་སྲིང་རྣམ་གྲངས་ཡིན་པའི་ངོས་ནས། ད་ཐེངས་ཀྱི་རྣམ་གྲངས་དེ་བསྐྲུན་ཟིན་པའི་G214ལམ་བུའི་ཆབ་མདོ་ནས་ལྕགས་ཁའི་བར་གྱི་སྤྱི་ལེ་27.1གི་ལམ་དུམ་དང་སྦྲེལ་ནས་ཁྱོན་བསྡོམས་རིང་ཚད་སྤྱི་ལེ་97.8ཟིན་པའི་གནམ་ཐང་གི་རིམ་པ་མཐོ་བའི་གཞུང་ལམ་ཞིག་འགྲུབ་རྒྱུ་ཡིན་པ་ལས། བོད་ཤར་གྱི་འགྲིམ་འགྲུལ་འཛུགས་སྐྲུན་དེ་ཉིད“མྱུར་བགྲོད་དུས་སྐབས”སུ་སླེབས་རྒྱུ་རེད།

རྒྱལ་ལམ་G214ལམ་བུའི་ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་ལམ་དུམ་གསར་སྐྲུན་སྒྱུར་བཀོད་ལས་གྲྭ་ནི་ཆབ་མདོ་གྲོང་ཁུལ་དང་སྤང་མདའ་གནམ་ཐང་སོགས་དང་འབྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། ཆབ་མདོ་གྲོང་ཁྱེར་གྱི་བྱང་རྒྱུད་ཀྱི་G317ལམ་བུའི་དཔལ་འབྱོར་དར་ཁུལ་དང་ལྷོ་རྒྱུད་ཀྱི་G318ལམ་བུའི་དཔལ་འབྱོར་དར་ཁུལ་དང་འབྲེལ་བའི་འགྲིམ་འགྲུལ་མ་ལམ་གལ་ཆེན་ཞིག་ཀྱང་ཡིན་པ་དང་དེ་ནི“ཆ་ལག་ཚང་བའི་མྱུར་བགྲོད་ལམ”སྐྲུན་པའི་དམིགས་ཚད་མངོན་འགྱུར་གྱི་འགག་རྩའི་གོམ་སྟབས་ཤིག་ཡིན་པ་རེད།

ལས་འགོ་བཙུགས་ཟིན་པའི་དུས་ཐེངས་གཉིས་པའི་ལས་གྲྭའི་རིང་ཚད་ལ་ཁྱོན་བསྡོམས་སྤྱི་ལེ་70.79ཡོད་པ་དང་། རྣམ་གྲངས་ཀྱི་ལམ་ཐིག་གཙོ་བོའི་ནང་ཟམ་པ་38དང་ཕུག་ལམ་21ཡོད་པ་དང་ཟམ་པ་དང་ཕུག་ལམ་གྱིས་སྤྱིའི་ལམ་ཚད་ཀྱི་68%བཟུང་གི་ཡོད། རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་84.83བཏང་བ་དང་རིམ་པ་མཐོ་བའི་གཞུང་ལམ་གྱི་ཚད་གཞི་གཞིར་བཟུང་སྐྲུན་བཞིན་ཡོད། སྔོན་དཔག་བྱས་ན་ལས་ཡུན་ལོ་གསུམ་ཡིན་པ་དང་། བསྐྲུན་ཟིན་རྗེས་དུས་ཐེངས་དང་པོའི་ཆབ་མདོ་ནས་ལྕགས་ཁའི་བར་གྱི་ལམ་དུམ་དང་འབྲེལ་ཐུབ་ནས། ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་གཞུང་ལམ་དེ་ཉིད་རིམ་པ་མཐོ་བའི་གཞུང་ལམ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།