ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་དང་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་དབར་འབྲི་ཆུས་བར་ཆོད་ཡོད་པ་དང་། མང་ཚོགས་གཙང་པོ་སྒྲོལ་བར་ཡམ་ཡོམ་ཆེ་བའི་འབྲེང་ཐག་ཟམ་པ་ལས་མེད་པས་དེ་ནས་བརྒྱུད་སྐབས་སྐྲག་སྣང་ཆེན་པོ་ཡོད་པའི་ཁར་ལམ་བསྐོར་བ་ཁོ་ནར་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། འབྲི་ཆུའི་གཡས་ངོགས་སུ་ཆགས་པའི་གྲོང་ཚོ་ཁ་ཤས་དེ་བས་དུས་ཡུན་རིང་པོར་གཞུང་ལམ་ཤར་གཏོང་མ་ཐུབ་པའི་གནས་སུ་གྱར་ཞིང་།“རྟ་དྲེལ་བཞོན་ནས་སྐྱེལ་འདྲེན་བྱས་ཏེ་དངོས་ཟོག་བརྗེ་སྐབས། ཟུར་སྡེ་ཤོད་ཀྱི་སུར་པན་སྣོད་ཕད་གང་ལ་སྒོར་གཉིས་ལས་རག་གི་མེད་པ”བཅས་ནི་ཡུལ་དེའི་མང་ཚོགས་ཀྱི་དེ་སྔའི་འཚོ་བའི་དངོས་ཡོད་གནས་ཚུལ་རེད།
སྲུང་བ་ལུང་ཆུ་ཤུགས་གློག་ཁང་བསྐྲུན་པ་དང་བསྟུན་ནས་གནས་བབ་དེར་རིམ་བཞིན་འགྱུར་ལྡོག་བྱུང་ཡོད།
སྲུང་བ་ལུང་ཆུ་ཤུགས་གློག་ཁང་དེ་ཉིད་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་དང་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་ཆུ་གཞུང་སྟེང་ཆགས་པ་དང་ཟུར་སྡེ་ཤོད་ཤང་སྲིད་གཞུང་ནས་བར་ཐག་སྨི་1500ཙམ་ལས་མེད་ཅིང་། འཛུགས་སྐྲུན་ལོ་བདུན་བྱས་པ་བརྒྱུད། 2022ལོར་ཕྱོགས་ཡོངས་ནས་གློག་བཏང་སྟེ་བོད་ཀྱི་ཆན་ཝ་ས་ཡ་རིམ་པའི་གློག་ཁང་དང་པོ་དེར་གྱུར་པ་རེད།
བདུད་བྷེ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཁམས་པའི་ཕོ་གསར་ཞིག་རེད་ལ། ཟུར་སྡེ་ཤོད་ཤང་རྔ་སྨད་ཤོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའང་ཡིན། ཁོང་གིས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་དངོས་སུ་མཐོང་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཆུ་ཤུགས་གློག་ཁང་བསྐྲུན་རྒྱུ་ཡིན་པ་ཐོས་སྐབས་ཡུལ་མི་ཚོའི་སེམས་སློང་སློང་བོར་གྱུར་པ་དང“ཚང་མས་ཆུ་ཤུགས་གློག་ཁང་བསྐྲུན་ཚེ་དེ་སྔའི་འཚོ་བའི་རྣམ་པ་འཁྲུག་དོགས་ཀྱི་སེམས་ཁྲལ་བྱུང་ཡོད”ཅེས་བདུད་བྷེས་བཤད།
ཆུ་ཤུགས་གློག་ཁང་བདེ་བླག་ངང་བསྐྲུན་ཆེད་ཟུར་སྡེ་ཤོད་ཤང་གི་ལས་བྱེད་པ་དང་ཆུ་ཤུགས་གློག་ཁང་གི་ལས་དོན་པས་མཉམ་དུ་ནུས་ཤུགས་བཏོན་ཏེ་སྒྲོག་འགྲེལ་དང་སྙིང་གཏམ་ཤོད་རེས་ཐེངས་མང་བྱས་ནས་བསམ་བློའི་ལས་དོན་ཞིབ་ཚགས་སྤེལ་ཡོད། རྗེས་སུ་ད་དུང་གྲོང་མི་ཆེད་མངགས་སྒྲིག་འཛུགས་བྱས་ནས་འགག་གསུམ་རགས་ཆེན་ལ་ལྟ་སྐོར་བྱས་པ་དང་གནས་སྤོ་བཀོད་སྒྲིག་བྱེད་པའི་ཐད་དེ་བས་འཐུས་སྒོ་ཚང་བའི་ཇུས་གཞི་ཞིབ་ཕྲ་བཟོས་ཏེ་ཚང་མའི་སེམས་ནད་རིམ་བཞིན་བསལ་བ་རེད།
2016ལོ་ནས་དངོས་སུ་ལས་འགོ་བཙུགས་པ་དང་དཀའ་བ་ལོ་ངོ་བདུན་སྤྱད་མཐར་སྲུང་བ་ལུང་ཆུ་ཤུགས་གློག་ཁང་དེ“དུས་ཚིགས་གཅིག་ལ་འཕྲུལ་ཚན་གསུམ་ནས་ཐོན་སྐྱེད་དང་ལོ་ཕྱེད་ནང་འཕྲུལ་ཚན་ཚང་མ་ནས་ཐོན་སྐྱེད”ཐུབ་པ་རེད།
བདུད་བྷེས“སྐབས་དེ་དུས་ངེད་ཚོའི་གྲོང་ཚོའི་མང་ཚོགས་ཚོས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྐུལ་ཁྲིད་འོག་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ཚང་མར་ཡོང་འབབ་མི་དམན་པ་ཐོབ་ཡོད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། སྲུང་བ་ལུང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་རིང་རིམ་རྩིས་བརྒྱབ་ན་ཡུལ་དེའི་མང་ཚོགས་ལ་གླ་པ་རྒྱུག་པའི་ཡོང་འབབ་སྒོར་ཁྲི་3000ལྷག་ཙམ་དང་སྐྱེལ་འདྲེན་གྱི་ཡོང་འབབ་སྒོར་ཁྲི་6000ལྷག་ཙམ་བྱུང་ཐོག་ཡུལ་དེར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.4བཏོད་པ་རེད།
དེ་བས་གལ་ཆེ་བ་ཞིག་ནི་ས་གནས་དེ་གའི་འཕེལ་རྒྱས་ལ་འགལ་རྐྱེན་ཡུན་རིང་བཟོ་བའི་འགྲིམ་འགྲུལ་གྱི་གནད་དོན་ཡང་དེ་དང་ཆབས་ཅིག་ཏུ་ཐག་གཅོད་ཐུབ་པ་རེད།
བདུད་བྷེས“ལམ་བུ་ཤར་གཏོང་ཐུབ་རྗེས། སྔོན་ཆད་སྣོད་ཕད་གཅིག་ལ་སྒོར་གཉིས་ལས་རག་གི་མེད་པའི་སུར་པན་ལ་ད་ཆ་རྒྱ་མ་རེར་སྒོར་25རག་པ་མ་ཟད་ད་དུང་མཁོ་སྤྲོད་འདང་གི་མེད། ལོ་ལྟར་ཀུང་སིས་གྲོང་ཚོའི་ནང་དམིགས་འཛུགས་ཀྱིས་སུར་པན་སྐམ་པོ་ཉོ་བར་ཡོང་གི་ཡོད་པས། དུད་ཚང་ཚང་མར་ཡོང་འབབ་སྒོར་ཁྲི་ལྷག་ཟིན་གྱི་ཡོད”ཅེས་དགའ་ཚོར་ཆེན་པོས་བཤད།
ལམ་བུ་གཅིག་ཤར་གཏོང་ཐུབ་ཙ་ན་གང་སར་འགྲོ་ཐུབ་པ་དང་ཐོན་ལས་ཀྱང་འཕེལ་བ་རེད། འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་འཕེལ་ཆེད། སྲུང་བ་ལུང་ཆུ་ཤུགས་གློག་ཁང་གིས་ད་དུང་ཡུལ་དེའི་ཤེས་ལྡན་པ་གསོ་སྐྱོང་དང་ལས་ཞུགས་ལས་དོན་ཧུར་ཐག་སྤེལ་ནས“གཏན་འཁེལ་གསུམ”གྱི་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་བ་རེད།
“‘གཏན་འཁེལ་གསུམ’ཟེར་བ་ནི་འགྲོ་ཕྱོགས་གཏན་འཁེལ་གྱི་སློབ་བསྡུ་དང་། གནས་གཏན་འཁེལ་གྱི་གསོ་སྐྱོང་། འགྲོ་ཕྱོགས་གཏན་འཁེལ་གྱི་ལས་ཞུགས་བཅས་ཡིན་པ་དང་། རྣམ་གྲངས་གནས་ཡུལ་གྱི་དཀའ་ངལ་ཅུང་ཆེ་བའི་ཁྱིམ་ཚང་ལ་ཆེད་མངགས་དམིགས་པ་ཞིག་རེད”ཅེས་བདུད་བྷེས་བཤད།
སྲུང་བ་ལུང་ཆུ་ཤུགས་གློག་ཁང་འཁོར་རྒྱུག་པུའུ་ཡི་ངག་དབང་སྒྲོལ་མ་ནི་འཆར་གཞི་དེའི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། ཁོ་མོས“ང་ཚོས་སི་ཁྲོན་ཆུ་བེད་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱས་པ་དང་སློབ་གྲྭ་འགྲིམས་རིང་ལམ་གྲོན་ཚུད་པའི་འགྲོ་གྲོན་ཚང་མ་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་སྲུང་བ་ལུང་ཡན་ལག་ཀུང་སིས་འགན་གཙང་བླངས་པ་དང་། སློབ་གྲྭ་ཐོན་མ་ཐག་ལས་ཞུགས་ཐུབ་བྱུང”ཞེས་བཤད་པ་དང་། “ཆུ་ཤུགས་གློག་ཁང་གིས་ངའི་ལས་ཞུགས་ཕུགས་འདུན་འགྲུབ་རོགས་བྱས་པ་དང་ལས་དབང་ལ་འགྱུར་ལྡོག་བཏང་བྱུང”ཞེས་མྱོང་ཚོར་ཟབ་མོས་བཤད།
རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་འཇལ་ས་ཚིགས་དེའང་སྲུང་བ་ལུང་ཆུ་ཤུགས་གློག་ཁང་གི་སྐྱེ་ཁམས་སྲུང་སྐྱོང་གི་ལྷུ་ཚིགས་གལ་ཆེན་གྱི་གྲས་ཤིག་རེད། ཆུ་ཤུགས་གློག་ཁང་གིས་ཆུ་སྲམ་དང་གནའ་བ་སོགས་རྩ་ཆེའི་སྲོག་ཆགས་ལ་ལྟ་ཞིབ་ཚད་འཇལ་དང་ཞིབ་འཇུག་བྱས་པ་མ་ཟད། ད་དུང་འཐུང་ཆུའི་ས་ཚིགས་དང་ཚྭ་ལྡག་ས་སོགས་ཀྱི་སྒྲིག་བཀོད་བསྐྲུན་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་འཐུས་སྒོ་ཚང་དུ་དང་དེར་སྲུང་སྐྱོབ་གང་ལེགས་བྱས་ཏེ། འབྲི་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།
རླངས་འཁོར་བཏང་ནས་ཟུར་སྡེ་ཤོད་ཤང་གི་གཞུང་ལམ་སྟེང་སྐྱོད་སྐབས། གཞོགས་གཉིས་སུ་རྒྱ་ལྕང་སྟུག་ལ་ཆུ་ངོས་སུ་རླབས་ཕྲན་ཡང་ཡང་འཕྱུར་བ་དང་བདུད་བྷེའི་ཤ་རྩི་ནག་པའི་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་དུ“འཕེལ་རྒྱས་ཀྱི་ལམ་བུ་ཡག་ཤོས་ནི་གཙང་ཆུ་ལས་གློག་གཏོང་ཐུབ་པ་མ་ཟད་མིར་འཚོ་བརྟེན་ཡང་བྱུང་བ་དེ་ཡིན། བགྲང་བྱ་བཅུ་ཡི་རིང་ལ། ཡུལ་ཕྱོགས་འདིའི་འཚོ་བའང་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།

