(1999ལོའི་ཟླ་4ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ། 2002ལོའི་ཟླ་དང་པོའི་ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག〉སོགས་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ།
ལེའུ་གསུམ་པ། གཏེར་རྫས་ཐོན་ཁུངས་སྔོག་འདོན།
ལེའུ་བཞི་པ། གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་འཚོང་བཤུག
ལེའུ་ལྔ་པ། མཉམ་སྡེབ་གཏེར་རིའི་ཁེ་ལས་དང་ཁེར་རྐྱང་གཏེར་འདོན།
ལེའུ་དྲུག་པ། གཏེར་རྫས་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་། གསར་སྤེལ་བེད་སྤྱོད། སྲུང་སྐྱོབ་དོ་དམ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཏེར་ལས་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བེད་སྤྱོད་བྱེད་མཁན་ཚན་པ་དང་། མི་སྒེར། དེ་བཞིན་ས་གཤིས་གཏེར་རྫས་ལྟ་ཞིབ་དོ་དམ་སྡེ་ཚན་བཅས་ཀྱིས་ངེས་པར་དུ་སྲོལ་ཡིག་འདིར་སྲུང་བརྩི་ཞུ་དགོས།
དོན་ཚན་གསུམ་པ། གཏེར་རྫས་ཐོན་ཁུངས་ནི་རྒྱལ་ཁབ་ལ་དབང་བ་ཡིན། ས་ངོས་སམ་ཡང་ན་ས་འོག་གི་གཏེར་རྫས་ཐོན་ཁུངས་ཀྱི་བདག་དབང་རྒྱལ་ཁབ་ལ་ཡོད་པས་གཏེར་རྫས་ཡོད་སའི་ས་ཆའི་བདག་དབང་ངམ་ཡང་ན་བེད་སྤྱོད་གཏོང་དབང་སུ་ལ་ཡོད་རུང་དེར་འགྱུར་བ་གཏོང་རྒྱུ་མེད།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཏེར་རྫས་ཐོན་ཁུངས་ལུགས་མཐུན་གསར་སྤེལ་བེད་སྤྱོད་བྱེད་ཐུབ་པའི་འགན་སྲུང་བྱེད་དགོས་པ་ལས། རྩ་འཛུགས་གང་ཞིག་གམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་གཏེར་རྫས་ཐོན་ཁུངས་ཧམ་བཟུང་བྱེད་པ་དང་། གཏོར་བཤིག་གཏོང་བའམ་ཡང་ན་ཐབས་ཚུལ་འགྱུར་བའི་ཉོ་ཚོང་བྱེད་པ་བཅས་བྱེད་མི་ཆོག
དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱེད་སྐབས་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། ལུགས་མཐུན་བཀོད་སྒྲིག ཕྱོགས་བསྡུས་འཚོལ་ཞིབ། ལུགས་མཐུན་སྔོག་འདོན། ཕྱོགས་བསྡུས་བེད་སྤྱོད་བཅས་བྱེད་པའི་མཛད་ཕྱོགས་ལག་བསྟར་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོས་པའི་གཏེར་རྫས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཕྱོགས་ཀྱི་འཆར་འགོད་དེ་ངེས་པར་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་ནང་འཇུག་དགོས།
རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱས་ཕྱིན་ངེས་པར་དུ་ས་གནས་དང་གཏེར་ཁ་ཡོད་སའི་མང་ཚོགས་ཀྱི་ཁེ་ཕན་ལ་ལྟ་རྟོག་ཐུབ་པ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་ལྟར་ས་གནས་དེ་གས་གསར་སྤེལ་བྱས་པའི་གཏེར་རྫས་ཐོན་ཁུངས་རིགས་ངེས་པར་དུ་སྔོན་ལ་ལུགས་མཐུན་གསར་སྤེལ་བེད་སྤྱོད་བྱས་ན་འགྲིག
ཐག་རིང་ལུང་ཁུག་དང་དབུལ་ཕོངས་ས་ཁུལ་གྱིས་གཏེར་ལས་གསར་སྤེལ་ལས་ཀ་བྱེད་པར་རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐུལ་ལྕག་དང་། རོགས་སྐྱོར། ཁྲིད་སྟོན་བཅས་ཧུར་ཐག་བྱེད་དགོས།
དོན་ཚན་དྲུག་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱེད་མཁན་རིགས་ལ་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་འོས་ཐོབ་ཀྱི་ཆ་རྐྱེན་འཛོམས་དགོས་པའི་ཐོག་ཁྲིམས་ལྟར་ཁག་སོ་སོར་རེ་འདུན་ཞུ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ཡོད།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ལ་སྲུང་སྐྱོབ་བྱས་ཏེ་བཙན་གནོད་མི་ཕོག་པ་བྱེད་དགོས་པ་དང་། སྲིད་འཛིན་ས་ཁོངས་ནང་གི་གཞུང་ཁོངས་གཏེར་རིའི་ཁེ་ལས་དང་གཏེར་རིའི་ཁེ་ལས་གཞན་དག་གི་གཏེར་ཁུལ་ས་ཁོངས་ནང་གི་རྒྱུན་ལྡན་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས།
དོན་ཚན་བདུན་པ། གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་རིན་དོད་ཡོད་པའི་ཐོག་ནས་ཐོབ་པ་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་རིན་དོད་ཡོད་པའི་ཐོག་ནས་ཐོབ་པ་བྱེད་པའི་གྲོན་དངུལ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་བཞིན་ལག་བསྟར་བྱ་རྒྱུ་དང་། གཏན་འབེབས་ལྟར་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་རེ་འདུན་ཞུས་ནའང་འགྲིག
རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་དམིགས་འཛུགས་བྱས་པའི་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ཕུད། ད་དུང་འོས་སྐུལ་དང་འོས་དཔོད་བྱེད་སྟངས་ལ་བརྟེན་ནས་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ལེགས་འདེམས་ཐོག་འོས་ཐོན་བྱུང་ཁོངས་སུ་གཏན་འཁེལ་བྱས་ན་འགྲིག
གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གཞིར་བཟུང་ཐོན་ཁུངས་ཀྱི་དཔྱ་ཁྲལ་དང་ཐོན་ཁུངས་ཀྱི་ཟད་གྲོན་གསབ་དངུལ་འཇལ་དགོས།
ཁྲིམས་ལྟར་ཐོབ་པའི་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་དེ་ཆོག་མཆན་ཐོབ་པ་བརྒྱུད་ཁྲིམས་ལྟར་མི་གཞན་ལ་འཚོང་བཤུག་བཏང་ན་འགྲིག་ཀྱང་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་བར་འཚོང་བརྒྱབ་སྟེ་ཁྲིམས་འགལ་གྱི་ཁེ་འབབ་རག་ཐབས་བྱེད་རིགས་ནན་འགོག་བྱེད་དགོས།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཕྱི་ནང་གི་མ་རྩ་གཏོང་མཁན་གྱིས་ཁྲིམས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱ་རྒྱུའི་སྐུལ་ལྕག་གཏོང་དགོས།
དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་གཏེར་རྫས་ཐོན་ཁུངས་སྲུང་སྐྱོབ་དང་། རྩད་ཞིབ། གསར་སྤེལ་བཅས་བྱ་རྒྱུའི་ཚན་རྩལ་ཞིབ་འཇུག་ལ་སྐུལ་འདེད་གཏོང་རྒྱུ་དང་སྔོན་ཐོན་གྱི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱ་རྒྱུའི་ཚན་རིག་ལག་རྩལ་གྱི་གནས་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། གྲུབ་འབྲས་གཟེངས་སུ་ཐོན་མཁན་གྱི་ཚན་པ་དང་མི་སྒེར་ལ་བྱ་དགའ་སྤྲོད་དགོས།
དོན་ཚན་བཅུ་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱེད་སྐབས་ངེས་པར་དུ་ས་ཆ་གྲོན་ཆུང་གིས་སྤྱད་དེ་ཁོར་ཡུག་ལ་སྲུང་སྐྱོབ་དང་། གནོད་འཚེ་འགོག་བཅོས། ས་ཆུ་སྲུང་འཛིན། ས་ཞིང་བསྐྱར་སྦོལ། སྐྱེ་དངོས་བསྐྱར་འདེབས་བཅས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་དུ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱ་རྒྱུའི་ཐད་ལྟ་སྐུལ་དོ་དམ་གྱི་ལས་ཀའི་འགན་འཁུར་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱ་རྒྱུའི་ཐད་ལྟ་སྐུལ་དོ་དམ་ཀྱི་ལས་ཀ་བྱེད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་གཞོགས་འདེགས་བྱ་རྒྱུ།
གྲོང་ཁྱེར(ས་ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་དུ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱ་རྒྱུའི་ཐད་ལྟ་སྐུལ་དོ་དམ་གྱི་ལས་ཀའི་འགན་འཁུར་རྒྱུ། གྲོང་ཁྱེར(ས་ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱ་རྒྱུའི་ཐད་ལྟ་སྐུལ་དོ་དམ་གྱི་ལས་ཀ་བྱེད་པར་གཞོགས་འདེགས་བྱ་རྒྱུ།
ལེའུ་གཉིས་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ།
དོན་ཚན་བཅུ་གཉིས་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་བྱེད་སྐབས་གཅིག་གྱུར་གྱི་ས་ཁོངས་སུ་ཐོ་འགོད་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་ཀྱི་དབང་ཚད་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་དབང་ཆ་སྤྲད་པ་གཞིར་བཟུང་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གཏེར་རྫས་ཐོན་ཁུངས་རྩད་ཞིབ་ཀྱི་ཐོ་འགོད་དོ་དམ་ལས་ཀར་འགན་འཁུར་རྒྱུ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གནས་ཚུལ་དངོས་ལ་གཞིགས་ཏེ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་བྱ་རྒྱུའི་རྣམ་གྲངས་ཁག་གཅིག་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་ཞིབ་མཆན་ཐོ་འགོད་བྱ་རྒྱུ་དང་རྩད་ཞིབ་འཁྲོལ་འཛིན་སྤྲོད་རྒྱུའི་དབང་ཆ་སྤྲད་ན་འགྲིག
ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་རྩད་ཞིབ་ཀྱི་ཐོ་འགོད་འགྲོ་ལུགས་བསྒྲུབས་རྗེས་འབྲེལ་ཡོད་དཔྱད་ཡིག་རྣམས་ངེས་པར་དུ་དུས་བཀག་ནང་རིམ་པ་གོང་མའི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
དོན་ཚན་བཅུ་གསུམ་པ། གཏེར་ཁ་འཚོལ་དབང་གི་རེ་འདུན་ཞུ་མཁན་ནི་གཏེར་རྫས་ཐོན་ཁུངས་རྩད་ཞིབ་བྱ་རྒྱུའི་ཐད་མ་དངུལ་གཏོང་མཁན་དེ་ཡིན་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་བཏང་ནས་རྩད་ཞིབ་བྱེད་པའི་གཏེར་ཁ་འཚོལ་དབང་གི་རེ་འདུན་ཞུ་མཁན་ནི་རྩད་ཞིབ་མངགས་བཅོལ་དང་ལེན་བྱེད་མཁན་ཚན་པ་དེ་ཡིན།
དོན་ཚན་བཅུ་བཞི་པ། གཏེར་ཁ་འཚོལ་དབང་རེ་འདུན་ཞུ་མཁན་གྱིས་གཏེར་ཁ་འཚོལ་དབང་རེ་འདུན་ཞུ་སྐབས་ངེས་པར་དུ་ཐོ་འགོད་དོ་དམ་བྱེད་མཁན་ལས་ཁུངས་ལ་གཤམ་གསལ་གྱི་དཔྱད་ཡིག་འབུལ་དགོས་པ་སྟེ།
(གཅིག)རྩད་ཞིབ་བྱེད་མཁན་ཚན་པའི་ས་གཤིས་རྩད་ཞིབ་ཀྱི་འོས་བབ་ལག་ཁྱེར་དང་།
(གཉིས)རྩད་ཞིབ་བྱ་རྒྱུའི་རྣམ་གྲངས་ཀྱི་མ་དངུལ་ཡོང་ཁུངས་དཔང་ཡིག
(གསུམ)རེ་ཞུའི་ཐོ་འགོད་ཡི་གེ་དང་ས་ཆ། རེ་ཞུའི་ཁུལ་ཁོངས་ཀྱི་ས་བཀྲ།
(བཞི)རྩད་ཞིབ་ལས་ཀའི་འཆར་གཞི་དང་རྩད་ཞིབ་ཀྱི་གན་རྒྱའམ་ཡང་ན་རྩད་ཞིབ་མངགས་བཅོལ་བྱས་པའི་དཔང་ཡིག
(ལྔ)རྩད་ཞིབ་བྱ་རྒྱུའི་ཇུས་གཞི་དང་ཞར་བྱུང་ཡིག་ཆ།
(དྲུག)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱི་གཏན་འབེབས་བཞིན་འབུལ་དགོས་པའི་དཔྱད་ཡིག་གཞན་དག་བཅས་སོ།
དོན་ཚན་བཅོ་ལྔ་པ། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རེ་འདུན་ཞུ་ཡིག་འབྱོར་ཉིན་ནས་བཟུང་ཉིན་བཞི་བཅུའི་ནང་ཚུན་དུ་རེ་འདུན་ཞུ་ཡིག་སྔ་རྟིང་གི་རྩ་དོན་ལྟར་ཐོ་འགོད་ཆོག་མིན་གཏན་འཁེལ་བྱེད་དགོས་པ་མ་ཟད། གཏེར་ཁ་འཚོལ་དབང་གི་རེ་འདུན་ཞུ་མཁན་ལ་བརྡ་ཐོ་གཏོང་དགོས།
ཐོ་འགོད་བྱས་ཆོག་པའི་གཏེར་ཁ་འཚོལ་དབང་རེ་འདུན་ཞུ་མཁན་གྱིས་ངེས་པར་དུ་བརྡ་ཐོ་འབྱོར་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་ཐོ་འགོད་དོ་དམ་ལས་ཁུངས་ལ་གཏེར་ཁ་འཚོལ་དབང་བེད་སྤྱོད་བྱེད་གྲོན་དང་། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏེར་ཁ་རྩད་ཞིབ་བྱ་རྒྱུར་མ་དངུལ་བཏང་ནས་ཐོབ་པའི་གཏེར་ཁ་འཚོལ་དབང་གི་རིན་དངུལ་འབུལ་དགོས་པའི་ཐོག་ཐོ་འགོད་འགྲོ་ལུགས་སྒྲུབ་དགོས་པ་དང་རྩད་ཞིབ་འཁྲོལ་འཛིན་བླངས་ནས་གཏེར་ཁ་འཚོལ་དབང་ཡོད་པ་བྱ་རྒྱུ།
(མུ་འགོད)

