国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月02日

གསེར་མདོག་གི་ཕུབ་ཀྱིས་བརྟན་ལྷིང་གི་རྩ་བ་བརྟན་དུ་བཏང་བ།

ལེ་ཚན་གཏོད་པའི་གཏམ།

འདས་ཟིན་པའི་ལོ་ལྔའི་རིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་འཆང་ཞིང་དྲིན་ཚོར་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱུན་བསྲིང་ལྷོད་མེད་ཀྱིས“དོན་ཆེན་བཞི”དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། ཐེངས་འདིའི་བརྒྱུད་རིམ་ཁྲོད། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་ཞིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་གོམ་སྟབས་གསར་པ་ཞིག་ཏུ་སྤོས་ཏེ། གཙང་གསུམ་ས་གཞི་ཆེ་མོ་ཐོག་ཏུ་རྣམ་འགྱུར་གསར་པ་དང་། བྱས་རྗེས་གསར་པ། འགྱུར་ལྡོག་གསར་པ་བཅས་མངོན་ཡོད།

མིག་སྔར་སྤུས་ཚད་མཐོན་པོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ།“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་ཚུགས་ནས་རྨང་གཞི་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་མ་ཐག་པའི་གཙང་གསུམ་བུ་ཕྲུག་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་བྱེད་མཁན་གྱི་སྦྱོར་བ་བརྟན་པོར་སྤེལ་མཁན་དང་དངོས་གཉེར་པ་རྣལ་མ་ཞིག་བྱེད་པར་བརྩོན་ལེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་བཞིན་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དེ་རིང་ནས་བཟུང་། ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས“‘དོན་ཆེན་བཞིར’དམིགས་པ་དང་།‘འཛུགས་གཏོད་བཞིར’ཤུགས་རྒྱག་པ—‘ལོ་ལྔ་ཚན་བཅུ་བཞི་པ’རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཆབ་མདོའི་ལེའུ”ཞེས་པའི་ཆེད་སྒྲིག་ལེ་ཚན་གཏོད་དེ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་འཕྲིན་སྤེལ་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་དྲོད་ཁོལ་དང་འཕོ་འགྱུར་འབྲི་བ། ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་དངོས་འཛིན་དངོས་སྒྲུབ་ཀྱི་བསམ་པའི་སྙིང་སྟོབས་མངོན་པ་བཅས་བྱས་ཏེ།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པའི”སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་ཡིན།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་སྐབས་འདིར། དེ་སྔར་གསར་བརྗེའི་ལོ་རྒྱུས་ལ་དཔང་པོར་བྱེད་པའི་ཆབ་མདོའི་གྲོང་ཁྱེར་འདིས། ད་ཆ“ཆབ་མདོ་བདེ་འཇགས་ཆེ། མང་ཚོགས་བློ་སེམས་བདེ”བའི་ཉམས་འགྱུར་ལ་བརྟེན་ནས་དུས་རབས་གསར་པའི་བདེ་འཇགས་བརྟན་ལྷིང་གི་ལེའུ་རྩོམ་བཞིན་ཡོད།

བརྟན་ལྷིང་སྲུང་སྐྱོབ་ཀྱི“གཙོ་ཤུགས་དམག་དཔུང”ཞིག་ཡིན་པའི་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་བདེ་འཇགས་ལ་བརྩི་སྲུང་ཞུ་བ་དང་སྤྱི་ཚོགས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ། མི་དམངས་བདེ་ལྷོད་ལ་ཏན་ཏིག་གིས་འགན་ལེན་བྱ་རྒྱུ་རང་འཁྲིའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཁྲིད་སྟོན་དུ་བཟུང་ནས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོར་བརྟེན་ནས་ལས་ཁུངས་ནས་གཞི་རིམ་དང་། སྲང་ལམ་ཕྱོགས་མཚམས་ཀུན་ཏུ་བདེ་འཇགས་སྲུང་སྐྱོབ་དྲ་བ་བརྟན་པོར་བཏིང་ནས་སྤྱི་ཚོགས་བརྟན་ལྷིང་གི་རྩ་བ་བརྟན་དུ་བཏང་ཡོད།

ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ལས་ཁུངས་ཏང་ཨུད་གཞུང་ལས་ཁང་དུ་སོང་ཚེ། ཡིག་ཆའི་སྒམ་ནང་གྲལ་འགྲིག་པོའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ལས་ཐོ་ཐོག་ཏུ་ཅུས་ཡོངས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ལག་ལེན་རེ་རེ་བྲིས་ཡོད། བརྟན་ལྷིང་ལས་དོན་གྱི“བཀོད་འདོམས་ལྟེ་བ”ཞིག་ཡིན་པའི་ཆ་ནས་ལས་ཁུངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ“ཏང་འཛུགས་སྐྱོང་ལ་བརྟེན་ནས་རུ་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རུ་ཁག་འཛུགས་སྐྱོང་ལ་བརྟེན་ནས་ལས་སྒོ་སྐུལ་འདེད་གཏོང་བ”མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་བློ་དཀར་དེ་བདེ་འཇགས་སྲུང་སྐྱོབ་ཀྱི་དངོས་ཡོད་བྱ་སྤྱོད་དུ་འགྱུར་བ་བྱས་ཡོད།

གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་སྟོབས་ཤུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་འཐབ་ས་མདུན་མར་ལས་ཀར་བྱས་ཏེ། མང་ཚོགས་ཀྱིས“མེ་མདེལ་འབར་རྫས་དང་འབྲེལ་བ”དང“འཆལ་རྒྱན་དུག་གསུམ”སོགས་ཀྱི་ཞེ་སྡང་ལང་ཆེ་ཤོས་ངོས་ཟིན་ཐུབ་ཡོད།

གྲོང་ཁྱེར་ཞིག་གི་བརྟན་ལྷིང་དེ་ནི་འགྲིམ་འགྲུལ་བདེ་འཇགས་ངང་ཤར་རྒྱུག་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དེ་བདེ་འཇགས་འགྲུལ་བཞུད་རེ་རེའི་ནང་ཡོད། གོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”ཐོག་མའི་བསམ་འདུན་སྲུང་སྐྱོབ་བྱས་ཏེ།“བདེ་འཇགས་སློབ་མ་སྲུང་སྐྱོབ”“བློ་རིག་རྟ་ཁྲའི་ཐིག”“ལམ་མདོ་བསྐྱར་སྐྲུན”སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་ཕར་འགྲོ་ཚུར་འོང་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ལམ་འཚང་ཆེ་བའི་འཁོར་ལམ12ལེགས་སུ་བཏང་བ་དང་། གློག་བརྡ12ལེགས་སྒྲིག་བཏང་ནས་དོན་རྐྱེན་བྱུང་ཚད་བརྒྱ་ཆའི་ང་ལྔ་ལས་མར་ཆག་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འགྲིམ་འགྲུལ་བདེ་འཇགས་ཀྱི་སྲུང་སྐྱོབ་བརྟན་དུ་བཏང་ནས་མང་ཚོགས་ཀྱི་འགྲུལ་བཞུད་སྔར་བས་བདེ་འཇགས་དང་། སྔར་བས་ཤར་རྒྱུག སྔར་བས་བློ་བདེ་ཡོང་བར་བྱས་ཡོད། (ཚེ་དབང་ལྷ་སྐྱིད་ཀྱིས་བསྒྱུར)