ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་དར་རྒྱས་ཡོང་བའི་འགག་རྩའི་བྱ་ཐབས་ཞིག་ལ་བརྩིས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་འདོན་པ་དང་། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱེད་པ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། ཏང་འཛུགས་སྐྱོང་སྟོབས་ལྡན་དང་། ཐོན་ལས་དར་རྒྱས། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད་པ་རེད།
ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་པ།
ཨ་དབང་ལུག་ནི་གོ་འཇོ་རྫོང་ལ་དམིགས་སུ་དབང་བའི་ཕྱུགས་རྒྱུད་བཟང་པོ་ཞིག་ཡིན་ཞིང་། དེ་སྐྱེ་འཚར་མགྱོགས་པ་དང་། ཤ་ཤེད་རྒྱས་པ། ཤའི་བྲོ་བ་ཞིམ་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། གོ་འཇོ་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཨ་དབང་ལུག་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཞིང་། 2023ལོར་ཨ་དབང་ཤང་གིས་གྲོང་ཚོ་9ཡི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་བསྡུ་སྒྲིལ་བྱས་ནས་ཤང་སྟོབས་གྲོང་དར་ལ་གྲོང་ཚོའི་མ་དངུལ་སྒོར་ཁྲི་600བཏང་ནས་རྒྱ་མཚོ་གྲོང་འབྲོག་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། “ཨ་དབང་ཡུག་ཁུལ་གྱི་གྲོང་ཚོ་དང་པོ་ནས་དགུ་པའི་བར་གྱི་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་་པ་རེད།
ད་ཆ་ཨ་དབང་ཤང་རྒྱ་མཚོ་གྲོང་མཉམ་ལས་ཁང་གི་ལུག་རར་ལུག་ཇེ་མང་དུ་ཕྱིན་ཞིང་། 2024ལོར། ཆབ་མདོ་གྲོང་ཁྱེར་རིག་ལྡན་འབྲོག་ལས་ལས་སྟེགས་སྤྱོད་འགོ་ཚུགས་པ་དང་བསྟུན་ནས། ལུག་ཚང་མར་མཚོན་རྟགས་ཆ་འཕྲིན་བྱང་བུ་བཏགས་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཤི་ལོག་གིས་ལག་ཐོགས་ཁ་པར་བརྒྱུད་ལུག་ཁྱུའི་བདེ་ཐང་གྲངས་གཞི་དུས་ཐོག་ཏུ་ལས་སྟེགས་སུ་བསྐུར་གྱི་ཡོད། གཞན་ཡང་། 2024ལོར་ཨ་དབང་ཤང་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་216ལྷག་ཙམ་ཟིན་པ་དང་། ཆ་སྙོམས་དུད་ཚང་རེར་ཁེ་སྤོགས་སྒོར་3100ཙམ་བགོས་ཡོད་པ་རེད།
ཏང་འཛུགས་སྐྱོང་གི་གཞོགས་འདེགས་འོག་རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱས་པ།
ཨ་དབང་ཤང་ནས་ཐོན་ཏེ་ཀྱག་ཀྱོག་གི་རི་ལམ་བརྒྱུད་སྤྱི་ལེ་13བསྐྱོད་རྗེས་གོ་འཇོ་རྫོང་ལྷ་ཐོ་ཤང་དུ་སླེབས་ཤིང་། འདི་གར་གནམ་གཤིས་དྲོད་གཤེར་ཆེ་བ་དང་། བོད་ཤར་གྱི་འདམ་ར་ཡག་ཤོས་ཀྱི་གྲས་ཤིག་ཡིན་པའི“ལྷ་ཐོ་འདམ་ར”དེར་གནས་ཡོད། མཛེས་སྡུག་ལྡན་པའི་འདམ་རའི་ཡུལ་ལྗོངས་ཕུད། འདི་གར་ད་དུང་རྫོང་ཡོངས་ཀྱི་རྣམ་གྲངས་ཆེ་ཤོས་ཏེ། ལྷ་ཐོ་འོད་ཤུགས་རྣམ་གྲངས་ལག་ལེན་བསྟར་བཞིན་ཡོད་པ་རེད།
རྣམ་གྲངས་འཛུགས་སྐྲུན་གྱི་ཐོག་མའི་དུས་སུ་རྣམ་གྲངས་ལག་ལེན་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད། གོ་འཇོ་རྫོང་གིས་ལྷ་ཐོ་འོད་ཤུགས་རྣམ་གྲངས་ལས་དོན་ཆེད་དོན་ཚོགས་ཆུང་བཙུགས་ཤིང་། རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་དང་། རྫོང་དཔོན་གྱིས་ཙུའུ་ཀྲང་གཞོན་པ། འབྲེལ་ཡོད་སྡེ་ཚན་དང་ཤང་དང་གྲོང་རྡལ་གྱི་འགན་འཁུར་བས་ཁོངས་མི་བཅས་ཀྱི་འགན་ཁུར་ནས། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གི་ལས་དོན་ཁག་ལ་སྤྱི་འདོམས་མཐུན་སྦྱོར་བྱས་པ་རེད།
རྣམ་གྲངས་དོན་འཁྱོལ་བྱུང་རྗེས། ས་གནས་དེ་གའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཏན་ཏིག་ཐུབ་ཅིང་། འཛུགས་སྐྲུན་བྱེད་རིང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་1800ལས་མིར་བསྡུས་ནས། ངལ་ལས་ཡོང་འབབ་སྒོར་ཁྲི་604རག་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་དྲུག་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པར་བརྟེན་ནས་ལྷ་ཐོ་འོད་ཤུགས་རྣམ་གྲངས་ལ་མ་རྐང་སྒོར་ཁྲི་3789.2བཞག་པ་དང་། གྲོང་གསེབ་ཀྱི་སྡོད་ཁང་108ལ་ཁྱབ་པར་བྱས་ཏེ་མཉམ་སྡེབ་ཁེ་སྤོགས་ཀྱི་ཕན་འབྲས་ཁྱབ་ཁོངས་དེ་བས་རྒྱ་ཆེར་བཏང་ཡོད་པ་རེད།
“ང་རང་འོད་ཤུགས་གློག་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ཟླ་རེར་གླ་ཆ་སྒོར་4200ཡོད། ལས་ཀ་བྱེད་ས་ནང་དང་ཐག་ཉེ་པོ་ཡོད་པས་ནང་མིར་ལྟ་རྟོག་བྱེད་ཐུབ་ཀྱི་འདུག”ཅེས་ལྷ་ཐོ་ཤང་ལྷ་ཐོ་གྲོང་ཚོའི་ཡུལ་མི་ཚེ་རིང་ལྷ་མོས་བརྗོད་པ་དང་། ཁོ་མོའི་སྐད་ཆ་དེ་ལས་མང་ཚོགས་ཚོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་བློ་ཡིད་ཚིམ་པོ་བྱུང་ལུགས་མངོན་བཞིན་མཆིས།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཐོ་འོད་ཤུགས་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་ས་ཞིང་གི་གུན་གསབ་གྲོན་དངུལ་དང་། བོགས་དངུལ་སྒོར་ཁྲི་12,090.62དང་། རྒྱུ་ཆའི་གྲོན་དངུལ་དང་། ཁང་པའི་བོགས་དངུལ། སྒྲིག་ཆས་སྐྱེལ་འདྲེན་གྲོན་དངུལ། སྒྲིག་ཆས་བོགས་དངུལ་བཅས་སྒོར་ཁྲི་3,599.22སྤྲད་པས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཁྱོན་སྒོར་ཁྲི་6,454.24བྱུང་ཡོད་པ་རེད།
ཏང་འཛུགས་སྐྱོང་གིས་མཐུན་རྐྱེན་སྦྱར་ཏེ་རིག་གནས་རྒྱུན་འཛིན་བྱས་པ།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་ཞིང་། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་འོག སྲིད་ཇུས་ཀྱི་ཁྲིད་སྟོན་དང་། མ་དངུལ་གཏོང་བ། ལས་སྟེགས་སྐྲུན་པ་སོགས་བྱ་ཐབས་བཟང་པོ་སྔ་རྗེས་སུ་དོན་འཁྱོལ་ཐུབ་ཡོད། དུས་ཐུང་ལོ་བཞི་ཡི་རིང་། གོ་འཇོ་རྫོང་བསམ་གྲུབ་རོང་གྲོང་ཚོའི་མངོན་གསལ་དོད་པོ་མེད་པའི་བཟོ་ཁང་ཞིག་བསམ་གྲུབ་རོང་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་ལས་སྐྱོང་སྤེལ་རྟེན་གཞིར་གྱུར་པ་དང་། གོ་སྐབས་དེ་དང་བསྟུན་ནས་བཙུགས་པའི་དེའུ་དམར་སྒྱུ་རྩལ་རྒྱུན་འཛིན་མཉམ་ལས་ཁང་ཡང་གྲོང་ཚོ་དེའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུཌ་ལ་གྱུར་པ་རེད།
མཉམ་ལས་ཁང་བཙུགས་རྗེས། སྒོ་དབྱེ་ཁོང་ཡངས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་ཅིང་། སྨན་གསར་ལུགས་ཐང་གའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཤེས་རབ་ཉི་མས་ལག་རྩལ་མཉམ་སྤྱོད་དང་ཐུན་མོང་ཕྱུག་འགྱུར་མཐའ་འཁྱོངས་ཀྱིས། ལོ་ལྟར་གྲོང་ཚོའི་ཕྱི་ནང་དུ་དུས་བཀག་བཞིན་རིན་མེད་གསོ་སྦྱོང་བྱས་ནས། རང་ཉིད་ཀྱི་བློ་སྐྱེད་དང་ཉམས་མྱོང་སྦ་གསང་མེད་པར་བརྒྱུད་ཁྲིད་བྱེད་ཀྱི་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2017ལོར་སྐྱོང་སྤེལ་རྟེན་གཞི་བཙུགས་ཚུན། མཉམ་ལས་ཁང་གིས་རིམ་རྩིས་བརྒྱབ་ན་གསོ་སྦྱོང་སྣ་ཚོགས་ཐེངས་40ལྷག་ཙམ་བྱས་པ་དང་། རྟོག་ཞིབ་སྤེལ་རེས་ཚོགས་པ་མང་པོར་སྣེ་ལེན་ཞུས་ཡོད་པ་རེད།
སྲིད་གཞུང་གི་རྒྱུན་མཐུད་སྲིད་ཇུས་རོགས་སྐྱོར་དང་། ཐོན་ཁུངས་འབྲེལ་མཐུད། ཁྲོམ་རའི་ཁྱབ་གདལ་བཅས་ཀྱི་རམ་འདེགས་འོག མཉམ་ལས་ཁང་གི་འཕེལ་རྒྱས་རྣམ་པ་ཡག་པོ་ཡོད་པ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཕྱིན་ནས། བསམ་གྲུབ་རོང་གྲོང་ཚོའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་ནུས་ལྡན་ཐུབ་ཡོད། མིག་སྔར། མཉམ་ལས་ཁང་ལ་ཁྱོན་ཁོངས་མི་12ཡོད་པ་དང་། དེའི་ནང་མི་དྲུག་ནི་ལྷ་འབྲི་བ་ཡིན་པ་དང་མི་དྲུག་ནི་སྤོས་བཟོ་མཁན་རེད། ཐང་ག་གསར་བཞེངས་དང་སྤོས་ལས་སྣོན་བྱས་པ་བརྒྱུད། མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་ཁྲི་27ལྷག་ཙམ་བྱུང་ནས། ཡུལ་མི་12ཀྱི་ལས་ཞུགས་གནད་དོན་ཐད་ཀར་ཐག་གཅོད་ཐུབ་པ་མ་ཟད། ད་དུང་བསམ་གྲུབ་རོང་གྲོང་ཚོར“ཐང་ག་དང་སྤོས་རྒྱུན་འཛིན་གྱི་གྲོང་ཚོ་དང་པོའི”མཚན་སྙན་ཡང་ཐོབ་ནས་ས་གནས་དེ་གའི་རིག་གནས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་དཔེ་མཚོན་ལ་གྱུར་ཡོད་པ་རེད།

