ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བློ་མཐུན་ཧུའུ་ཡའོ་པང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་དང་ཕུལ་དུ་བྱུང་བའི་སྤྱོད་ཚུལ་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞུམ་མེད་མདུན་དུ་སྐྱོད་པའི་འབད་འཐབ་ཀྱི་རྣམ་འགྱུར་ལ་བརྟེན་ནས་བྱ་གཞག་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཞི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཞི་ཅིན་ཕིང་གི་གསུང་བཤད་ནང་བློ་མཐུན་ཧུའུ་ཡའོ་པང་གི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་དང་ཕུལ་དུ་བྱུང་བའི་མཛད་རྗེས་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་བློ་མཐུན་ཧུའུ་ཡའོ་པང་ནི་ཡུན་རིང་ཚོད་བགམ་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། རང་དམག་གི་ཕུལ་དུ་བྱུང་བའི་ཆབ་སྲིད་ལས་དོན་པ། དུས་ཡུན་རིང་པོའི་ནང་ཏང་གི་འགོ་ཁྲིད་ཀྱི་གོ་གནས་གལ་ཆེན་བཞེས་མཁན་ཕུལ་དུ་བྱུང་བའི་འགོ་ཁྲིད་པ་བཅས་ཡིན་པས། མི་རིགས་རང་བཙན་དང་བཅིངས་འགྲོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་ཉམས་པ་མེད་པའི་མཛད་རྗེས་བཞག་པར་གནང་ཡོད་ཅེས་གསུངས་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཧུའུ་ཡའོ་པང་གིས་ཕུགས་བསམ་ཆེན་པོ་བཅངས་ནས། གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་ཡུན་རིང་གི་ལག་ལེན་ཁྲོད་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་སྙིང་སྟོབས་མངོན་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ནས་ཏང་ལ་ལྷག་བསམ་རྣམ་དག་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། ཕུགས་བསམ་ཆེན་པོ་དང་ཐུན་མོང་གི་ཕུགས་བསམ་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། བློ་མཐུན་ཧུའུ་ཡའོ་པང་གིས་ལས་དོན་ཡོད་ཚད་དོན་དངོས་ལ་གཞིགས་ནས་བསྒྲུབ་རྒྱུར་མཐོང་ཆེན་གནང་སྟེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་དང་རྩ་འཛུགས་ལམ་ཕྱོགས་ཐད་ཟིང་བཅོས་ཡོ་བསྲང་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་དངོས་ཐོག་བདེན་འཚོལ་དང་དཔའ་ངར་ཆེན་པོས་བདེན་དོན་བརྩོན་ལེན་མཐའ་འཁྱོངས་བྱེད་པ་དང་། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་ལག་ལེན་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་མངོན་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཧུའུ་ཡའོ་པང་གིས་སྒྱུར་བཅོས་སྒོ་དབྱེ་དར་སྤེལ་དང་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐུགས་ནུས་ཡོད་རྒུ་བཏོན་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་དཔའ་ངར་ཆེན་པོས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་གསར་གཏོད་བྱས་ཏེ། དཀའ་བ་དང་དུ་བླངས་པའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་གོང་འཕེལ་བཏང་ནས་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། བློ་མཐུན་ཧུའུ་ཡའོ་པང་གིས་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མི་དམངས་གང་མགྱོགས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་ཆེད། བྱ་བ་དངོས་དང་བྱ་བ་བཟང་པོ་འབོར་ཆེན་བསྒྲུབས་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་ཐོག་མཐའ་བར་གསུམ་དུ་སེམས་ནང་མི་དམངས་བཅངས་པ་དང་། ཁེ་ཕན་ཀུན་ལ་དབང་བ། རང་རྟོགས་ངང་ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་བཅས་བྱས་ཏེ། འབད་འཐབ་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཧུའུ་ཡའོ་པང་གིས་ཏང་སྲོལ་ཡོ་བསྲང་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་སྟེ། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་ཆེད་འོད་སྟོང་འཕྲོ་བའི་མིག་དཔེ་བཏོད་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཁོང་དང་འདྲ་བར་ཡ་རབས་ཚུལ་ལྡན་རྒྱུན་འཁྱོངས་དང་རང་དཔེ་གཞན་སྟོན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ངོ་བོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།
ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་དང་མི་དམངས་ཆེད་བློ་མཐུན་ཧུའུ་ཡའོ་པང་གི་ཉམས་པ་མེད་པའི་མཛད་རྗེས་ལ་ཕྱིར་དྲན་གནང་བ་དང་འབྲེལ། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཧུའུ་ཡའོ་པང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་དང་ཕུལ་དུ་བྱུང་བའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་བ་དེར། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་ལྡན་ལས་དོན་ལ་དོ་དམ་བྱེད་མཁན་གྱི་པུའུ་ཀྲང་གཞོན་པ་ཧོང་ཅན་ཧྥ། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རྒྱུན་ལྡན་ལས་དོན་ལ་དོ་དམ་བྱེད་མཁན་སློབ་སྤྱི་གཞོན་པ(ཡོན་ཀྲང་གཞོན་པ)ཞེ་ཁྲུན་ཐའོ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
ཧྲི་ཐའེ་ཧྥུང་དང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཁྲེན་ཝུན་ཆིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཀྲང་ཧྲེང་མིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཧུའུ་ནན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་ཧུའུ་ཡའོ་པང་གི་གཉེན་ཉེ། ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

