ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ལེན་ཆེད། ཉེ་ཆར། ལྷོ་རོང་རྫོང་དང་མཛོ་སྒང་རྫོང་གིས་ཆེད་དོན་གསབ་སྦྱོང་དང་གཅིག་སྡུད་སྒྲོག་འགྲེལ་སོགས་ཀྱི་ལམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤང་གྲོང་དང་ཚན་པར་བསྐྱོད་པར་སྐུལ་སྤེལ་བཏང་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་འགྱུར་བར་ཁྲིད་སྟོན་བྱས་ཡོད།
ལྷོ་རོང་རྫོང་དུ་རྫོང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དགེ་རྒན་ནོར་ནོར་གྱིས་སྐུ་ཆོས་གྲོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཅིག་སྡུད་སྒྲོག་འགྲེལ་བྱས་ཡོད། སྒྲོག་འགྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་གཙོ་བོར་དམ་པོར་དམིགས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་དམིགས་ཚད་དང་། གྲོང་གསེབ་དར་རྒྱས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སོགས་གྲོང་མིའི་ཐོན་སྐྱེད་འཚོ་བ་དང་འབྲལ་ཐབས་མེད་པའི་ནང་དོན་དམིགས་ཏེ། གོ་བདེ་ཞིང་ཉན་སླ་བའི་ལམ་ནས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས”“རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”སོགས་ཀྱི་བརྗོད་དོན་གཙོ་བོ་འགྲེལ་བཤད་བསྐྱོན་སྟེ། ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་མི་སེམས་སུ་ཟུག་པར་བྱས་ནས་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བཅངས་པའི་མོས་སེམས་སྔར་བས་ཆེ་རུ་ཕྱིན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་རིམ་དུ་དོན་འཁྱོལ་ཡོང་བར་སྐུལ་སྤེལ་བཏང་ཡོད།
མཛོ་སྒང་རྫོང་གིས“འགོ་ཁྲིད་ཀྱིས་སློབ་ཚན་ཁྲིད་པ་དང་། ཆེད་མཁས་པས་ཟུར་ཁྲིད། དཔེ་ཀློག་ཞིབ་འཇུག་བགྲོ་གླེང”སོགས་ཀྱི་ཐབས་ལམ་སྣ་མང་སྤྱད་དེ། ཆེད་དོན་གསབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། གསབ་སྦྱོང་གིས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ》དང་། 《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་པ་ཧུར་ཐག་བྱེད་དགོས》སོགས་ཀྱི་ནང་དོན་ལ་དམིགས་ནས་ཆེད་དུ་ཞིང་ཆེན་ཕྱི་དང་དེ་བཞིན་རང་སྐྱོང་ལྗོངས་དང་། གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གདན་དྲངས་ཏེ་དྲ་ཐོག་ནས་སློབ་ཚན་ཁྲིད་པ་དང་། རིགས་པའི་གཞུང་ལུགས་འགྲེལ་བཤད་དང་དཔེ་མཚོན་དབྱེ་ཞིབ་ཕན་ཚུན་ཟུང་འབྲེལ་གྱི་ལམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་བརྒྱབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཡིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་འཐོབ་པར་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་ནས་ས་ཁུལ་ཁག་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱུང་ཡོད།

