国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月18日

དཔའ་ཤོད་རྫོང་བཤུལ་པ་གནས་སྡོད་ས་ཚིགས་ཀྱི་བདེ་སྡོད་ནས་ལས་བརྩོན་བར་གྱི་དམངས་འཚོའི་རྒྱུགས་ལན།

བཤུལ་པ་གནས་སྡོད་ས་ཚིགས་ཀྱི་ཚོང་ཁང་།

བཤུལ་པ་གནས་སྡོད་ས་ཚིགས་སུ་བསྐྱོད་ཚེ་བོད་བཟོའི་ཁང་པ་ཚམ་ཚོམ་དུ་བརྒྱབ་ཡོད་པ་དང་། གནག་སྣུམ་ལམ་བུའི་གཡས་གཡོན་དུ་ཉི་གློག་གྲལ་ལྟར་སྒྲིག སྒོ་རྩིས་ཚོང་ཁང་དང་ཚལ་ཁང་སོགས་དམངས་ཕན་ཞབས་ཞུའི་ས་ཚིགས་སུ་ཅ་དངོས་འཐུས་ཚང་ཞིང་ཁང་པའི་སྒོའི་རྒྱབ་མདུན་གང་སར་ཤིང་སྡོང་བཙུགས་ཡོད་པས་བལྟས་པ་ཙམ་གྱིས་མཛེས་སྡུག་ལྡན་པ་རེད་འདུག ལོ་བདུན་གྱི་གོང་དུ་གནས་འདི་ནི་ཡུལ་ཕྱོགས་གཅིག་གིས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི་དབུལ་ཕོངས་ཀྱི་ས་ཆ་ཞིག་ཡིན་པ་སུ་ཞིག་གིས་ཤེས་ཐུབ།

ད་ཆ་ཤང་གྲོང11ནས་ཡོང་བའི་གནས་སྤོ་མང་ཚོགས་དུད་ཁྱིམ707གནས་འདིར་འཛོམས་པ་དང་། ལམ་དང་། ཆུ། གློག དྲ་བ། གློག་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ཀུན་ལ་ཁྱབ་ཡོད།

སྨན་བཅོས་མཐོར་འདེགས། སྒོ་མདུན་དུ་བདེ་ཐང་སྲུང་སྐྱོབ་བྱས་པ།

གནས་སྡོད་ས་ཚིགས་སུ་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་འཛུགས་ཐུབ་པ་བྱུང་ཞིང་ཆེད་ལས་སྨན་དོན་མི་སྣ12དང་རྨང་གཞིའི་སྨན་བཅོས་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཏེ། “ནད་གཞི་ཆུང་ངུ་ས་ཚིགས་ལས་ཕྱིར་མི་འགྲོ་བ་དང་། ནད་གཞི་ཆེན་པོ་སྨན་བཅོས་འགན་སྲུང་ཡོད་པའི”སྨན་བཅོས་འགན་སྲུང་མ་ལག་བཙུགས་ཡོད་པ་རེད། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་དེས་མང་ཚོགས་ཀྱི་ནད་ལ་ལྟ་དཀའ་བ་དང་ནད་ལ་ལྟ་བར་ཐག་རིང་འགྲོ་དགོས་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ནས་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

སློབ་གསོའི་ནུས་རླབས། ཁུག་གཞོང་དེ་ནར་སོན་པའི་དགའ་ཚལ་དུ་གྱུར་བ།

ལོ་བདུན་གྱི་གོང་དུ་གནས་འདིའི་དར་མའི་ཤེས་རྨོངས་སེལ་ཚད་དམའ་ཞིང་སློབ་གསོའི་འདུ་ཤེས་ཉམས་ཞན་པ་ཡིན། ད་ཆ་བུ་བཅོལ་ཁང་བཙུགས་ཏེ་བཀོལ་སྤྱོད་བྱས་ནས་བོད་ཀྱི་ལས་འགན་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ལག་བསྟར་བྱས་པ་དེས་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། སློབ་གསོའི་ཁུག་གཞོང་དེ་ཕྲུ་གུ་ཚོའི་ཕུགས་བསམ་མངོན་འགྱུར་བྱེད་པའི་བདེ་སྐྱིད་ལྡན་པའི་དགའ་ཚལ་དུ་གྱུར་ཞིང་མཐའ་མཚམས་ཀྱི་རེ་བ་མཐའ་དག་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་དུ་བཅུག་ཡོད།

ལས་ཞུགས་འབབ་འཕར། ཕྱུག་འགྱུར་གྱི་ཕུགས་འདུན་མངོན་དུ་གྱུར་བ།

“སྤོ་ཐུབ་པ་དང་། བརྟན་ཐུབ་པ། སྡོད་ཐུབ་པ”མངོན་འགྱུར་ཡོང་ཆེད། དཔའ་ཤོད་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པ་སོགས་ཀྱི་བརྟན་འཇགས་ལས་ཞུགས་ལས་གནས་བཏོན་པ་དང་ཆབས་ཅིག་ཏུ་མང་ཚོགས་ཀྱིས་ལས་གཏོད་བྱ་རྒྱུའི་སྐུལ་ལྕག་བཏང་ཡོད། ད་ཆ་གནས་སྡོད་ས་ཚིགས་ཀྱི་ཚོང་ཁང17ཚང་མ་མང་ཚོགས་ཀྱིས་གླ་གཏོང་བྱས་ནས་ཚོང་གཉེར་བྱེད་ཀྱིན་ཡོད་པ་དང་། སྣ་མང་གི་འབབ་འཕར་ཐབས་ལམ་ལ་བརྟེན་ནས་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཡོང་བ་དང་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་སུ་འགྲོ་བར་བྱས་ཡོད།

མཐུན་སྒྲིལ་མཐའ་བརྟན། ཞི་མཐུན་འཕེལ་རྒྱས་ཀྱི་རྩ་བ་ཚུགས་པ།

ལོ་བདུན་གྱི་རིང་ལ། མི་རིགས་ཁག་གི་མང་ཚོགས་སེའུ་འབྲུ་རྡོག་པོ་གཅིག་ལྟར་དམ་པོར་འབྲེལ་ཏེ་བྲེལ་ཟིང་དུས་སུ་རོགས་རེས་དང་དུས་ཆེན་མཉམ་གཏོང་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་རྒྱུན་རྣམ་ཅན་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སྤེལ་བ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པས་ཉིན་མོ་ཐེངས4དང་མཚན་མོ་ཐེངས2ལ་བརྟན་ལྷིང་སྲུང་སྐྱོབ་སྐོར་གཡེང་བྱེད་པ། དམངས་ལ་སྟབས་བདེ་སྤྲོད་པའི་ཞབས་ཞུ་ས་ཚིགས་ཀྱིས་ཉིན་རེར་ཐེངས2ལ་རླངས་འཁོར་ལ་ཞིབ་བཤེར། མཚན་མོའི་ཆུ་ཚོད12ཐོག་གནས་སྡོད་ས་ཚིགས་ཀྱི་སྒོ་ཆེན་དང་ཚོང་ཁང་སྒོ་བརྒྱབ་ནས་བདེ་འཇགས་ཀྱི་འགོག་སྲུང་དམ་པོར་བཏང་ཡོད།

ས་ཕག་ཁང་པ་ནས་ཁྱིམ་གཞི་གསར་པ་དང་། སྨན་བཅོས་དཀའ་བ་ནས་ན་ཚེ་སྨན་པ་མཁས་པ་ཡོད་པ། ཐག་རིང་དུ་སློབ་སྦྱོང་འགྲོ་བ་ནས་སློབ་ལ་ཁྲིད་མཁན་ཡོད་པ། ལས་ཞུགས་དཀའ་བ་ནས་ཕྱུག་འགྱུར་བྲེལ་བའི་བར་སོགས་བཤུལ་པ་གནས་སྡོད་ས་ཚིགས་ཀྱི་འགྱུར་ལྡོག་རེ་རེའི་ཐོག་ཏུ་ཏང་གི་ཐུགས་ཁུར་དང་དྲོད་འཁོལ་བྲིས་ཡོད་ལ། དུས་རབས་གསར་པའི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱང་མངོན་པར་མཚོན་ཡོད། ད་ཆ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་དང་ཡིད་ཆེས་འཁུར་ཏེ། བརྩོན་འགྲུས་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་རི་མོ་མུ་མཐུད་དུ་བྲིས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་མཐའ་མཚམས་ཀྱི་ས་གཞི་ཆེ་མོའི་ཐོག་ཏུ་རྟག་ཏུ་བཞད་པར་བྱས་ཡོད།

(ཚེ་དབང་ལྷ་སྐྱིད་ཀྱིས་བསྒྱུར)