འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས11ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཁ་རུབ་ཆུས་སུ་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བའི་ཁར། ས་གནས་ས་ཐོག་ཏུ་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་ལུས་རྩལ་དང་ཚན་རྩལ་ལས་དོན་ལས་དོན་ལ་རྟོག་ཞིབ་བྱས་ཡོད་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ལྷན་དུ་རྟོག་ཞིབ་བྱས་ཡོད།
གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ་དང་ཕྱོགས་བསྡུས་ལུས་རྩལ་ཐང་དུ། ཀྲོང་ཅིན་སུང་གིས་ལུས་རྩལ་འཇོན་ཐང་སློབ་མ་གསོ་སྐྱོང་དང་སྤྱི་པའི་ལུས་རྩལ་ཁང་གི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་ཞིབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པའི”བཀོད་སྒྲིག་གལ་ཆེན་བཏོན་ཡོད་པས། རིམ་པ་ཁག་དང་ཚན་པ་ཁག་གིས་ལུས་རྩལ་ཁང་གི་སྒྲིག་བཀོད་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་འགྲན་སྡུར་གཉེར་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་དགོས་མཁོ་སྔར་བས་སྐོང་བ་དང་། ཕྲེང་འབྲེལ་ཡོངས་ཀྱི་འགྲན་སྡུར་གྱི་དཔལ་འབྱོར་སྐྱེ་ཁམས་མ་ལག་བཙུགས་ནས་གྲོང་ཁྱེར་དུ་མཉམ་ཤུགས་ཡོད་པ་དང་ཤུགས་རྐྱེན་ཆེ་རུ་གཏོང་བར་བྱེད་དགོས་ཅེས་བསྟན།
དུས་ཡུན་རིང་པོའི་ཚུན་དུ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བྱ་ཐབས་རིམ་པ་སྤྱད་དེ་ཕྲུ་གུ་བདེ་ཐང་ངང་འཆར་ལོངས་ཡོང་བར་སྲུང་སྐྱོབ་བྱས་ཡོད། གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོ་དང་གཉིས་པ་རུ། ཀྲོང་ཅིན་སུང་གིས“བྱམས་ལྡན་ཨ་མ”དང་བྱམས་བརྩེའི་གླེང་མོལ་གནང་ནས་ཕྲུ་གུའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཁོང་གིས་ཕན་བདེའི་འགན་སྲུང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སེམས་ནུས་ཡོད་རྒུས་གཟིགས་སྐྱོང་ཞབས་ཞུ་བསྒྲུབ་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཆ་རྐྱེན་ལེགས་པོ་བསྐྲུན་དགོས་ཅེས་བསྟན།
གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རྩལ་ཁང་དུ། ཀྲོང་ཅིན་སུང་གིས་ལུས་རྩལ་ཁང་གི་འཛུགས་སྐྲུན་གནས་ཚུལ་ལ་གསན་ཞིང་། ཁོང་གིས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཚན་རྩལ་གཡུལ་སའི་ནུས་འདོན་སྤེལ་དང་། རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཅས་བཏང་སྟེ། གསར་གཏོད་ལ་བརྟེན་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་དང་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་ཡོད།
རྟོག་ཞིབ་ནང་ད་དུང་ཅཱ་ཤིན་ཡུས་དང་། ཏིན་ཝུན་ཁྲང་། ཕུའུ་ཡུས་ཧའེ་བཅས་ཞུགས་ཡོད།

