ཟླ་ཆུ་སྔོན་མོས་གངས་ལྗོངས་མཐོ་སྒང་བཞུར། ངོམ་ཆུ་རིང་མོས་འཕྲེད་རྒྱུག་རི་བརྒལ་བསྐོར། རྫ་ཆུ་སྔོན་མོས་བོད་ཤར་རི་རྒྱུད་བསྐྱངས།
“གཙང་གསུམ་མཉམ་རྒྱུག”གི་ལྟེ་བར་གྱུར་བའི་ཆབ་མདོའི་ཆུ་དཔྱད་པ་ཚོས་ལོ་ངོ་བདུན་ཅུ་ལྷག་གི་གོམ་འགྲོས་སྤྱད་དེ་གཙང་པོ་དང་ལོ་ཟླའི་བར་དུ་སྲུང་སྐྱོབ་དང་ནུས་རླབས་ཞེས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ཡོད།
འདས་ཟིན་པའི་ལོ་ཟླར་ཕྱིར་མིག་ཅིག་བལྟས་ན། 1952ལོའི་ཟླ9པར། ཆུ་དཔྱད་པ་མི་རབས་དང་པོ་ཡིས་ཐེབས་ཆག་པའི་དཔྱད་ཆས་རྒྱབ་ཏུ་འཁུར་ཏེ་གངས་ལྗོངས་ས་མཐོར་བསྐྱོད་དེ་ཟླ་ཆུའི་འགྲམ་རྒྱུད་དུ་བོད་ཀྱི་ཆུ་དཔྱད་ས་ཚིགས་དང་པོ་བཙུགས་པ་རེད།
ཤིང་གི་ཆུ་ཁྲེ་ལ་བརྟེན་ནས་གཙང་པོའི་འཕེལ་འགྲིབ་འཇལ་ཞིང་། པིར་རིས་རེ་རེ་ཡིས་ཆུའི་བཞུར་ཚད་ཟིན་ཐོ་བཀོད། ཁོ་ཚོས་ཆེས་གདོད་མ་དང་ཆེས་བབ་ཆགས་པའི་རྣམ་པའི་ཐོག་ནས་གཙང་པོ་དང་མཚེའུ་སྲུང་སྐྱོབ་བྱས།
དཀའ་ངལ་གྱི་མདུན་དུ་ཆབ་མདོའི་ཆུ་དཔྱད་པ་ཚོས་ནམ་ཡང་མགོ་བོ་མི་སྒུར་བར་མདུན་དུ་སྐྱོད་བཞིན་ཡོད། ཉེན་ཁ་ཆེ་སར་ཁོ་ཚོས་ཡང་དག་པའི་གྲངས་གཞིའི་ཐོག་ནས་ཚེ་སྲོག་བསྐྱབས་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་ཐུབ་ཡོད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་འགོ་ཚུགས་ས་གསར་པའི་ཐོག་འགྲེང་ན། ཆབ་མདོའི་ཆུ་དཔྱད་པའི་གོམ་པ་ནམ་ཡང་མཚམས་བཞག་མ་མྱོང་།

