ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་12ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས། ཀྲུང་གོ་དང་སི་ཕེན་གཉིས་ཀར་ལོ་རྒྱུས་དང་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50ལྷག་ཙམ་རིང་། རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་གྲུབ་འབྲས་གཏོད་རོགས་བཅས་བྱས་ནས་ལོ་རྒྱུས་རིག་གནས་མི་འདྲ་བ་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་མཛའ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་བཏོད་ཡོད་ལ། གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། སི་ཕེན་རྒྱལ་པོ་ཚང་གིས་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བར་བསུ་བ་ཞུ་བའི་སྐབས་སུ། རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་དེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སི་ཕེན་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་མཐོང་ཆེན་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་སི་ཕེན་གྱི་ཐུན་མོང་མ་ཡིན་པའི་ནུས་པར་མཐོང་ཆེན་བྱེད་ཀྱི་ཡོད། སི་ཕེན་དང་མཉམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་དེ་བས་ཆེ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་དེ་བས་ཆེ་བ། རྒྱལ་སྤྱིའི་ཤུགས་རྐྱེན་དེ་བས་ཆེ་བ་བཅས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད། ཕྱོགས་གཉིས་པོས་སྔར་བས་བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། དངོས་སྒྲུབ་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་དགོས་ཤིང་།
ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་གྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་པ་དང་། ནུས་རྒྱུ་གསར་པ་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཕན་ཚུན་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་བས་མང་པོ་སྐྲུན་པ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་ལེགས་ཆ་ཕན་ཚུན་གསབ་རེས་བྱས་ནས་ལ་ཏིང་མེ་གླིང་སོགས་ཕྱོགས་གསུམ་པའི་ཁྲོམ་ར་ཐུན་མོང་ཐོག་གསར་འབྱེད་བྱེད་ཆོག དམངས་སེམས་འབྲེལ་འདྲིས་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་རིག་གནས་སློབ་གསོའི་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་རྒྱབ་སྐྱོར་བྱས་ནས་རང་རྒྱལ་ཁབ་ཀྱིས་ཕ་རོལ་པོའི་རྒྱལ་ཁབ་ཏུ་རིག་གནས་དང་སྐད་ཡིག་སྒྲིག་གཞི་ཡག་པོ་གཉེར་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་ཡུན་མུ་མཐུད་ནར་འགྱངས་བྱས་ཏེ། མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། དེང་སྐབས་འཛམ་གླིང་ནི་ཡོ་ལང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པར་སླེབས་པས་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་སྒྲུབ་པའི་ལས་འགན་སྔར་བཞིན་ལྕི་ལ་དུས་ཡུན་རིང་པོ་ཡོད། ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ལུགས་བཏོན་དོན་ནི་རྒྱལ་ཁབ་ཁག་གིས་སྤྱི་ཚོགས་ལམ་ལུགས་ཀྱི་ཁྱད་པར་དང་འདུ་ཤེས་འཛིན་སྟངས་ཀྱི་མི་མཐུན་པ་ལས་བརྒལ་ནས། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ལྟེ་བའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། རང་མོས་ཚོང་དོན་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས། སི་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བའི་སྐབས་སུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། སི་ཕེན་དང་ཀྲུང་གོའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་བྱས་ནས་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་འབད་བརྩོན་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ཀུན་གྱིས་ཡིད་སྨོན་སྐྱེ་འོས་པ་ཞིག་རེད། ལྷག་པར་དུ་དབུལ་སྒྲོལ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཆེན་པོ་ཡོད། སི་ཕེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད་ལ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་བར་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་ནས་སི་ཕེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། སི་ཕེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པ་ལས་བྱུང་བའི་གོ་སྐབས་གལ་ཆེན་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་ཚོང་དོན་དང་། བཟོ་ལས། ཚན་རྩལ། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིག་གནས་དང་། སྐད་ཡིག ཡུལ་སྐོར་བཅས་ཁྱབ་ཁོངས་ཀྱི་སྤེལ་རེས་དམ་ཟབ་བྱས་ནས་མི་དམངས་ཀྱི་མཛའ་མཐུན་ཟབ་ཏུ་གཏོང་འདོད་ཡོད། ལོ་རྒྱུས་མདུན་ཕྱོགས་སུ་སྐྱོད་པ་ཁོ་ན་ལས་ཕྱིར་བཤོལ་བརྒྱབ་ན་འགྲིག་ཐབས་མེད། རྒྱལ་སྤྱིའི་གནད་དོན་མང་པོའི་མདུན་དུ་སི་ཕེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འདུ་ཤེས་འཛིན་སྟངས་ཚད་མཐོའི་གཅིག་མཐུན་ཡིན་ཞིང་། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་རྩོད་གཞི་སེལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། སི་ཕེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དུས་བབ་ཁྲོད་ཀྱི་ངེས་མེད་རང་བཞིན་ལ་ཁ་གཏད་གཅོག་པ་དང་། རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
མཇལ་འཛོམས་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་10ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།
མཇལ་འཛོམས་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ། ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་དང་བཙུན་མོ་ལའེ་ཏི་ཞི་ཡར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གིས་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་དང་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ། ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་ཞི་ཅིན་ཕིང་གི་ཕེབས་རོཌ་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཞིབ་གནང་བ་རེད།
དེ་ཉིན་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

