“ཉིན་འདི་དག་གང་སར་སྐྱོད་རིང་། ངས་ལྟ་ཞིབ་དང་སློབ་སྦྱོང་དང་དེ་བཞིན་བསམ་གཞིགས་ཡང་ཡང་བྱས་ནས་བསྡད་པ་ཡིན། གཙོ་གནད་རྣམ་གྲངས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་ཀྱི་ཐད་བོད་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་ཅེས་བཤད་ཆོག”ཅེས་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སུ་ཞུགས་རིང་རྒྱལ་སྤྱིའི་གྲགས་ཅན་མཁས་དབང་ཀྲེང་ཡུང་ཉན་གྱིས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
ཤང་ཀང་རྒྱ་ཡིག་སློབ་ཆེན(ཧྲེན་ཀྲེན)སྤྱི་པའི་སྲིད་ཇུས་སློབ་གླིང་གི་ཡོན་ཀྲང་དང་ཆན་ཧའེ་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཡིན་པའི་ཀྲེང་ཡུང་ཉན་གྱིས་གཙོ་བོ་རྒྱལ་སྤྱིའི་འབྲེལ་བ་དང་། ཕྱི་འབྲེལ་སྲིད་ཇུས། ཀྲུང་ཨའི་འབྲེལ་བ། ཀྲུང་གོ་ནང་ཁུལ་གྱི་ཕྱོགས་སྒྱུར་བཅས་དང་། དེ་བཞིན་ཕྱི་ཕྱོགས་འབྲེལ་བར་ཞིབ་འཇུག་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། སྔ་རྗེས་སུ་དཔེ་སྐྲུན་དང་གཙོ་སྒྲིག་བརྩམས་ཆོས་བརྒྱ་ཙམ་གྱི་ནང་དབྱིན་ཡིག་གི་ཆེད་རྩོམ་10ལྷག་ཙམ་ཡོད་པ་དང་རྒྱལ་སྤྱིའི་རིག་གཞུང་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ་བཅུ་གྲངས་ཁ་ཤས་སྤེལ་ཡོད་པ་རེད།
གསར་འགོད་པས་དྲིས་པར། དགེ་རྒན་ཆེ་མོ་བ་ཀྲེང་ལགས་ཁམས་བཟང་། དང་ཐོག་ཁྱེད་ཀྱིས་འདི་ག་ཚགས་པར་གྱི་བཅར་འདྲི་དང་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཀྱིས་ག་དུས་ནས་བོད་ལྗོངས་ལ་དོ་ཁུར་གནང་བ་ཡིན་ནམ། ཁྱེད་ཀྱིས་བྱས་ན་བོད་ལྗོངས་བཅོས་སྐྱོང་ཁྲོད་ཀྱི་ཀྲུང་གོའི་སྲིད་གཞུང་ལ་གསར་གཏོད་ཀྱི་དཔེ་མཚོན་གང་དག་འདུག་གམ། ཁྱེད་ཀྱིས་བོད་ཀྱི“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འགྱུར་ལྡོག་ལ་གདེང་འཇོག་ཇི་ལྟར་གནང་གི་ཡོད་དམ།
ཀྲེང་ཡུང་ཉན་གྱིས་ལན་བཏབ་པར། ང་རང་ཉིང་ཁྲིར་ཡོང་ཐེངས་དང་པོ་ཡིན་མོད། འོན་ཀྱང་བོད་ཀྱི་ས་ཆ་མང་པོར་འགྲོ་མྱོང་ཡོད། དོན་དངོས་ཐོག་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་སློབ་ཆེན་འགྲིམ་སྐབས་སུ་ངས་བོད་ལ་དོ་ཁུར་བྱས་པ་ཡིན། གཙོ་བོ་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། ཀྲུང་དབྱང་དང་ས་གནས་དབར་གྱི་འབྲེལ་བ་སོགས་ཚུད་པའི་བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་བྱས་པ་ཡིན། ཕྱིས་སུ་འབུམ་རམས་པའི་དཔྱད་རྩོམ་ནང་ས་ཁོངས་ཞིབ་འཇུག་སྐོར་གྱི་རིག་གཞུང་རྣམ་གྲངས་བཀོད་པ་ཡིན། བོད་ཀྱི་མཐའ་མཚམས་བཅོས་སྐྱོང་དང་མི་རིགས་གནད་དོན་སོགས་ཐད་ལ་ཞིབ་འཇུག་བྱས་ནས་ད་བར་ལོ་ངོ་30ལྷག་ཙམ་ཕྱིན་སོང་།
དབུལ་སྐྱོར་དང་། ཁོར་ཡུག་སྲུང་སྐྱོང་། བོད་སྐྱོར་སྲིད་ཇུས་སོགས་ཀྱི་གསར་གཏོད་དཔེ་མཚོན་མང་པོ་འདུག འཛམ་གླིང་ལ་ཕྱོགས་ཡོངས་ནས་བལྟས་ཚེ། རང་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ལ་མི་རྒྱུ་དངོས་གསུམ་ཤུགས་ཆེན་གཏོང་མཁན་ཀྲུང་གོ་འདྲ་བ་རྒྱལ་ཁབ་གཞན་སུ་ཞིག་ཀྱང་མེད། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད་པ་དང་ད་ལྟ་ལོ་72.5ཟིན་པའི་དཔེ་མཚོན་དེ་ཁོ་ན་ཀྲུང་གོ་སྲིད་གཞུང་གི་བཅོས་སྐྱོང་འོག བོད་ཀྱི་སྤྱི་ཚོགས་ཡར་ཐོན་བྱུང་བའི་དཔེ་མཚོན་ཡག་ཤོས་རེད། མི་ཆོས་རིག་གནས་ཀྱི་ཁྱབ་ཁོངས་ནས་བལྟས་ཚེ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་རིགས་མང་པོ་ཞིག་མེད་པར་གྱུར་མོད། འོན་ཀྱང་ཀྲུང་གོར་བོད་རིགས་ཚུད་པའི་གྲངས་ཉུང་མི་རིགས་ཁག་གནས་ཡོད་པ་མ་ཟད། ད་དུང་འཕེལ་རྒྱས་ཡག་པོ་ཕྱིན་ཡོད་པས། དེ་ནི་ཀྲུང་དབྱང་སྲིད་གཞུང་གི་དམིགས་བསལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ང་ཚོས་ཤེས་ཐུབ།
གདེང་འཇོག་ཇི་ལྟར་བྱེད་དགོས་མིན་ཐད། ངས་ད་ཐེངས་གླེང་སྟེགས་ཀྱི་གཙོ་དོན་གཏམ་བཤད་ནང་། ང་ཚོས“འགྱུར་ལྡོག་ཆེན་པོ”དང“མཆོང་སྐྱོད”ལྟ་བུའི་ཐ་སྙད་སྤྱད་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་གདེང་འཇོག་བྱས་ན་ད་དུང་གདེང་འཇོག་བྱེད་ཚད་དམའ་དྲགས་པའི་སྣང་བ་ཞིག་སྟེར་གྱི་འདུག་ཅེས་བཤད་པ་ཡིན། གཞན་ཡང་། མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྟར་ན། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་ནི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་བར་དང་། དེ་ནས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་བརྒྱུད་དགོས་མོད། འོན་ཀྱང་། བོད་ལྗོངས་ནི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་ཐད་ཀར་མཆོང་སྐྱོད་བྱས་པ་ཞིག་རེད། དེ་ནི“རིམ་པ་བཞིན་འཕེལ་རྒྱས”ཕྱིན་པ་ཞིག་མིན་པར“མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་སོང་བ”ཞིག་རེད།
གསར་འགོད་པས་དྲིས་པར། ཁྱེད་རང་རྒྱལ་ཁབ་ཀྱི་སྲིད་ཇུས་ཞིབ་འཇུག་ཐད་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པས། ཁྱེད་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་གཏན་ཚིགས་ལ་གསལ་འགྲེལ་ཇི་ལྟར་བྱེད་དམ།
ཀྲེང་ཡུང་ཉན་གྱིས་ལན་བཏབ་པར། ངས་བལྟས་ན་དོན་སྤྱི་གཉིས་ཀྱི་ཐོག་ནས་བཤད་ན་ཆོག་པ་སྟེ། གཅིག་ནི་འཐབ་ཇུས་དཔལ་འབྱོར་དང་། གཉིས་ནི་དཔལ་འབྱོར་འཐབ་ཇུས་རེད། རྩེ་རིམ་ཇུས་འགོད་ངོས་ནས་བཤད་ན། རྒྱལ་ཁབ་ཀྱིས་བོད་ལྗོངས་ལ་བཀོད་ཇུས་བྱས་པ་ཚང་མ་འཐབ་ཇུས་ཀྱི་དོན་སྙིང་ཐོག་ནས་བསམ་གཞིག་བྱེད་ཀྱི་ཡོད། སྐྱེ་ཁམས་ལ་མཚོན་ན། ལོ་20ཡི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངའི་ཕ་ཡུལ་ཀྲེ་ཅང་དུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བཏོན་གནང་ཡོད། ང་རང་ད་ཐེངས་ཉིང་ཁྲིར་ཡོང་སྐབས་ཚོར་སྣང་དེ་བས་ཟབ་མོ་བྱུང་། “རི་གཉིས”ཀྱི་འདུ་ཤེས་བོད་ལྗོངས་སུ་ལག་ལེན་བསྟར་བར་དགོས་པ་ཆེན་པོ་འདུག བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ་ས་བབ་མཐོ་ལ་སྐྱེ་ཁམས་ཧ་ཅང་ཉམས་ཞན་རེད། ཀྲུང་གོའི་སྐད་གྲགས་ཆེ་བའི་གཙང་པོ་དང་ཆུ་བོ་ཚང་མའི་ཆུ་འགོ་ནི་མཚོ་བོད་ས་མཐོ་ཡིན་པས། གལ་སྲིད་སྲུང་སྐྱོང་ཡག་པོ་མ་བྱས་ཚེ་རྒྱལ་ཁབ་སྤྱི་ཡོངས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་མཐའ་འཁོར་རྒྱལ་ཁབ་དང་ཐ་ན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད། དེས་ན་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་པོ་རེད།
གོམ་སྟབས་རྗེས་མར། བོད་ལྗོངས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་འཐབ་ཇུས་དཔལ་འབྱོར་ཐོག་ནས་རང་ཉིད་ཀྱི་དཔལ་འབྱོར་འཐབ་ཇུས་གཏན་འཁེལ་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཀྱི་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དཔེ་མཚོན་དུ་བྱས་ན། མྱུར་བགྲོད་ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཕེལ་རྒྱས་བཏང་བ་བརྒྱུད། ཁྱབ་ཁོངས་ཁག་གི་མི་རྒྱུ་དངོས་གསུམ་ཚང་མ་བསྡུ་ལེན་ཐུབ་སྟེ། འཕེལ་རྒྱས་མྱུར་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ།
གསར་འགོད་པས་དྲིས་པར། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཉེ་བའི་ལོ་ཤས་རིང་གླེང་མང་བའི་སྐད་ཆ་ཞིག་རེད། བོད་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་ཁོངས་འཕེལ་རྒྱས་ཁྲོད་མཉམ་འདྲེས་ཧུར་ཐག་བྱེད་བཞིན་ཡོད། འོ་ན་མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་ཟབ་མོ་ཇི་ལྟར་བྱེད་དགོས་སམ།
ཀྲེང་ཡུང་ཉན་གྱིས་ལན་བཏབ་པར། “རྒྱུད་གཅིག་ལམ་གཅིག”ནི་བརྒྱུད་རིམ་ཞིག་ཡིན་པས། དེར་རྨང་གཞི་ཡོད་དགོས། ང་ཚོའི་ཁ་རྒྱུན་དུ་ཕྱུག་པོ་ཆགས་དགོས་ན་སྔོན་ལ་ལམ་བཟོ་དགོས་ཞེས་པ་ལྟར། ཐོག་མར་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་དགོས་པ་སྟེ། དཔེར་ན། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མཐའ་མཚམས་ཚོང་དོན་འགག་སྒོ་སོགས་སྦྲེལ་མཐུད་ཟབ་མོ་ཡོད་དགོས་པ་དང་། དེ་ནས་དམངས་འཚོའི་དཔལ་འབྱོར་དང་། མཐའ་མཚམས་ཚོང་དོན་གྱི་འགག་སྒོ་ཕན་ཚུན་སྒོ་མོ་འབྱེད་པ། ཕར་ཕྱོགས་ཀྱི་དགེ་མཚན་ཆེ་རིགས་སྤྱོད་རེས་བྱེད་པ། ཚོང་དོན་དང་དངུལ་རྩའི་ཐད་ཕན་ཚུན་སྦྲེལ་མཐུད་བཅས་བྱེད་དགོས་པ། མཇུག་ཏུ་མི་སེམས་གཅིག་སྒྲིལ་གྱིས་མི་ཆོས་རིག་གནས་ཐོག་ཕན་ཚུན་མཉམ་འདྲེས་བྱེད་དགོས་པ་བཅས་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཕྱི་འབྲེལ་པུའི་རྒྱབ་སྐྱོར་འོག་གཙོ་གཉེར་བྱས་པའི“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཕན་འབྲས་རགས་ཙམ་ཐོན་པ་སྟེ། དཔེར་ན། ཀྲུང་ནེའི་དབར་ཕན་ཚུན་སྦྲེལ་མཐུད་དེ་བས་ཟབ་མོ་བྱེད་བཞིན་ཡོད། ང་མི་སྒེར་གྱི་ངོས་ནས་བཤད་ན། ཁོང་ཡངས་རྣམ་པའི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་སྲིད་ཇུས་སྤྱོད་པའི་རྩ་དོན་སྤྱད་དེ་ས་ཁོངས་དབར་ཐུན་མོང་ཐོག་འཕྲད་པའི་གནད་དོན་ལ་ཚང་མས“དོན་དག་ཡོད་ན་གྲོས་བསྡུར་ཡག་པོ”བྱེད་དགོས། བོད་ལྗོངས་སུ་ད་དུང་ཀྲུང་ཕྱིའི་རིག་གནས་མཉམ་འདྲེས་ཀྱི་ལེགས་ཆ་ཡོད་པས། བོད་ལྗོངས་ཀྱི་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་སྤྱད་དེ་ཧི་མ་ལ་ཡའི་རི་རྒྱུད་དེ་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་འབྲེལ་གཏུག་བྱེད་སའི་སྦྲེལ་ཟམ་དང་འབྲེལ་ཐག་ལྟ་བུར་འགྱུར་བར་བྱེད་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས)

