国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月07日

ཨ་དབང་ལུག་ཁྱུ་གསོས། ཕྱུག་འགྱུར་ལམ་བུར་བསྐྱོད།

“ཁྱིམ་གྱི་གཟན་རྩྭ་ཀུང་སིར་བཙོངས་ན་ལོ་གཅིག་གི་ནང་ལ་སྒོར་སྟོང་ཕྲག་ཁ་ཤས་རག་གི་འདུག ད་དུང་བཟོ་གྲྭའི་ནང་ཉིན་གླ་རྒྱུག་པར་འགྲོ་གི་ཡོད། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ཆེ་རུ་འགྲོ་གི་འདུག”ཅེས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྐོར་གླེང་སྐབས་འབོ་ལོ་གྲོང་རྡལ་བདེ་སྐྱིད་གྲོང་ཚོའི་ཡུལ་མི་ངག་ཤར་གྱིས་དགའ་སྤྲོ་ཆེན་པོས་དེ་ལྟར་བརྗོད། ད་ཆ་ཨ་དབང་ལུག་གི་ཐོན་ལས་ལྟེ་བར་བྱས་པའི་ཁེ་ལས་དེས“ཀུང་སི+རྟེན་གཞི།+མཉམ་ལས་ཁང་།+ཞིང་དུད”བཅས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་ཡུལ་མིའི་སྒོ་ཁར་བསྐྱལ་ཡོད།

ཀུང་སིའི་འགན་འཁུར་བ་འུའུ་ཁང་ཧྲེང་གིས“ཀུང་སི་ཐོག་མར་འཛུགས་དུས་ནས་ཨ་དབང་ལུག་ཞེས་འབོད་པའི་རྒྱུད་པ་རྙིང་པ་དེ་ཡུལ་མི་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་བསྒྱུར་རྒྱུའི་སེམས་ཐག་གཙང་བཅད་བྱས་པ་ཡིན”ཞེས་བརྗོད་པ་མ་ཟད་ཞིང་པ་རྣམས“ཉེན་ཁ་གང་ཡང་མེད་པའི”གསོ་སྤེལ་ནང་ཞུགས་པར་འགན་ལེན་བྱ་ཆེད། ཀུང་སིས་ལུག་ཐུག་དང་། གཟན་རྩྭ། ལག་རྩལ་མཛུབ་ཁྲིད་པ་བཅས་གཅིག་གྱུར་མཁོ་འདོན་བྱེད་ཀྱི་ཡོད། ཞིང་དུད་ཀྱིས་རྒྱུན་གཏན་གྱི་བདག་སྐྱོང་མ་གཏོགས་བྱེད་དགོས་ཀྱི་མེད། ལུག་བཤས་རྗེས་གྲོས་མཐུན་ལྟར་ཁེ་སྤོགས་ལེན་རྒྱུ་ཡོད་ཅེས་དང“མིག་སྔར། ཚབ་གསོ་བྱེད་སྟངས་དུད་ཚང་1000ལྷག་ཙམ་ལ་ཁྱབ་ཡོད་ལ། རིམ་རྩིས་བརྒྱབ་ན་ཞིང་དུད་ལ་ཡོང་འབབ་འཕར་སྣོན་སྒོར་ཁྲི་110ལྷག་ཙམ་བྱུང་ནས་མི་4300ལྷག་ཙམ་ལ་གཟན་རྩྭ་ཉོ་སྒྲུབ་བྱས་པའི་ཕན་པ་ཐོབ་ཏེ་འབབ་འཕར་སྒོར་ཁྲི་540ལྷག་ཙམ་བྱུང་ཡོད། ང་ཚོས་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཏན་ཏིག་ཐུབ་པར་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་ཀྱང་བྱས་པ་རེད།

ས་གནས་དེ་གར་གཟན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་དམིགས་ནས། ཀུང་སིས་ཉོ་སྒྲུབ་ཐབས་ལམ་རྒྱ་ཆེར་བཏང་སྟེ། ཞིང་དུད་ཀྱི་གཟན་རྩྭ་ཕྱིར་ཚོང་གི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པ་དང་། ལས་བཟོར་ཡང་སྔོན་ལ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་བསྡུས་ཡོད། མིག་སྔར་ཀུང་སིར་ལས་མི་28ཡོད་པའི་ཁྲོད་མི་8ས་གནས་དེ་གའི་ཞིང་འབྲོག་པ་ཡིན་པ་དང་། མི་6ནི་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་རེད། རིམ་རྩིས་བརྒྱབ་ན། མི་ཐེངས་115ལ་སྐུལ་ཁྲིད་བྱས་པ་བརྒྱུད་ལས་ཞུགས་ཐུབ་ནས་འབབ་འཕར་སྒོར་ཁྲི་538ལྷག་ཙམ་བྱུང་ཡོད། ཝུའུ་ཁང་ཧྲེང་གིས“ང་ཚོས་རིལ་མ་ཉོས་ནས་སྐྱེ་ལྡན་ལུད་ཀྱི་རྒྱུ་ཆ་བྱས་པ་བརྒྱུད་རྣམ་གྲངས་དེ་ཁོ་ན་ནས་དུད་ཚང་348ལ་འབབ་འཕར་སྒོར་ཁྲི་322བྱུང་ཡོད”ཅེས་བཤད།

(ཚེ་དབང་ལྷ་སྐྱིད་ཀྱིས་བསྒྱུར)