国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月04日

དངོས་ཕན་གཙིགས་སུ་འཛིན་ནས་འགན་འཁྲི་བསྒྲུབས། དམངས་ལ་ཞབས་འདེགས་ཞུ་བའི་འདུན་པ་མངོན།

ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཞིབ་འཇུག་ཁང་གི་ལས་དོན་པ་ལི་ཀྲའོ་ཤིས་ནི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་རེད། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་སུ་ལས་ཀ་བྱེད་རིང་། བསྡུས་འཕྲིན་འབྲི་བ་དང་བརྟག་ཞིབ་དཔྱད་གཞི་ལེགས་སྒྲིག་བྱེད་པ། དེ་བཞིན་རྟོག་ཞིབ་ཀྱི་བགྲོད་རིམ་བཀོད་སྒྲིག་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ་ཞབས་འདེགས་ཞུ་བ་སོགས་ལས་དོན་གང་ཡིན་རུང་། ཁོ་པས་ཞིབ་ཅིང་ཕྲ་ལ་ཚགས་ཚུད་པོ་ཡོང་བ་བྱེད་ཀྱི་ཡོད། བོད་ནི་ས་རྒྱ་ཆེ་བས་བརྟག་ཞིབ་ལ་འགྲོ་སྐབས་ལམ་ཐག་ལེ་དབར་སྟོང་ཕྲག་ལྷག་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ལི་ཀྲའོ་ཤིས་ཀྱིས་འཁང་ར་གཏན་ནས་མི་བྱེད་པར་དེ་ལས་ལྡོག་སྟེ་དེ་ཉིད་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཏུ་བརྩི་ཡི་ཡོད། “དུས་ཚོད་དེ་ནི་ང་རང་འཚར་ལོངས་ཡོང་མགྱོགས་ཤོས་ཀྱི་དུས་སྐབས་ཤིག་རེད”ཅེས་ལི་ཀྲའོ་ཤིས་ཀྱིས་དྲན་གསོ་བྱེད་བཞིན་དུ་བརྗོད།

གལ་ཏེ་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་སུ་ལས་ཀ་བྱེད་རིང་ལི་ཀྲའོ་ཤིས་ཀྱི་ལས་ཀའི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་ན། གྲོང་སྡོད་ལས་དོན་གྱིས་ཁོ་པར་ཞུན་བརྡར་དེ་བས་ལེགས་པ་ཐེབས་ཡོད། (པར་ངོས་གསུམ་པར་གཟིགས) 2020ལོའི་ལོ་འགོ་ནས་2022ལོའི་ཟླ་5པ་བར་ལི་ཀྲའོ་ཤིས་འཇོ་མདའ་རྫོང་འཛི་སྒར་ཤང་སྒྲིལ་པ་གྲོང་ཚོར་བཅའ་སྡོད་བྱས་པ་དང་། དེའི་རིང་གི་མྱོང་བ་ལས་ཁོ་པས“དམངས་ལ་ཞབས་འདེགས་ཞུ་བ”ཞེས་པར་གོ་བ་གཏིང་ཟབ་ལོན་ཡོད།

“གྲོང་སྡོད་ལས་ཀ་བྱེད་སྐབས་མང་ཚོགས་དང་རང་འགུལ་ངང་གྲོགས་པོ་སྒྲིག་དགོས་པ་དང་། རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་འཇོན་ཐང་ལ་གཞིགས་ནས་ཡུལ་དེའི་མང་ཚོགས་ལ་དོན་དངོས་ཇི་ལྟར་སྒྲུབ་དགོས་པ་དང་དཀའ་གནད་ཇི་ལྟར་སེལ་དགོས་པར་བསམ་བློ་གཏོང་དགོས”ཞེས་ལི་ཀྲའོ་ཤིས་ཀྱིས་བརྗོད། གྲོང་ཚོའི་འཐུང་ཆུར་དཀའ་ངལ་ཡོད་པས་ཁོང་གིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ཏེ་ཆུ་འདྲེན་གྱི་མ་དངུལ་རག་ཐབས་བྱས་པ་དང་། གྲོང་པ་ཁྱིམ་མཚེས་དབར་འགལ་ཟླ་ཐོན་སྐབས་ཁོང་གིས་ངང་རྒྱུད་རིང་པོས་འདུམ་འགྲིག་བྱེད་ཀྱི་ཡོད། ད་དུང་ཁོང་གིས་སྔ་རྗེས་སུ་གྲོང་ཚོའི་ནང་གི་ལས་གྲྭ་མང་པོ་ཞིག་གི་འཛུགས་སྐྲུན་ནང་ཞུགས་ཡོད།

2021ལོའི་ལོ་མཇུག་ཏུ་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་ཚེ་རིང་རྡོ་རྗེ་སློབ་ཆེན་འགྲིམས་རིང་ནད་གཞིས་རྐྱེན་པས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་སྐབས་ལི་ཀྲའོ་ཤིས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གི་ས་ནས་གནས་ཚུལ་ཤེས་རྟོགས་བྱས་པ་དང་ལས་དོན་རུ་ཁག་གི་སྟོབས་ཤུགས་ཁོ་ནར་བརྟེན་ན་གནད་དོན་ཐག་གཅོད་བྱ་ཐབས་བྲལ་བ་ཤེས་རྗེས། ཁོང་གིས་འབྲེལ་གཏུག་རྒྱ་ཁྱབ་བྱེད་པའི་སྲིད་གྲོས་རྩ་འཛུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཞལ་འདེབས་དངུལ་སྒོར་ཁྲི་2.06གྲབས་གསོག་བྱས་རྗེས་ཚེ་རིང་རྡོ་རྗེའི་ཁ་ཚ་དགོས་གཏུག་གི་དཀའ་ངལ་བསལ་ཡོད། དེ་རྗེས་ལས་དོན་རུ་ཁག་གིས་སླར་ཡང་སྲིད་གྲོས་ཀྱི་འབྲེལ་ཡོད་རིགས་ཁོངས་ཀྱི་ཨུ་ཡོན་ལ་འབྲེལ་བ་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་བུད་མེད་ཁེ་ལས་མཁས་ཅན་མཐུན་ཚོགས་ཀྱིས་ཚེ་རིང་རྡོ་རྗེའི་ཁྱིམ་ལ་ཞལ་འདེབས་སྒོར་ཁྲི་20བརྒྱབ་སྟེ་ཐོན་ལས་འཕེལ་རྒྱས་བཏང་ནས་ཁོང་ཚོའི་ཁྱིམ་གྱི་ཡོང་འབབ་བརྟན་པོ་ཡོང་རོགས་བྱས་ཡོད།

ཏང་འཛུགས་སྐྱོང་གི་ལས་དོན་ཁྲོད་ཁོ་པས་ཇི་ལྟར་བྱས་ནས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྲོག་ཤིང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་དགོས་མིན་ཐད་བསམ་གཞིག་ཧུར་ཐག་བྱེད་ཀྱི་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས་འཛུགས་གཏོད་ཀྱི་ལས་དོན་སྒྲུབ་རིང་ཁོ་པས་ཆབ་མདོར་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ལག་ལེན་བསྟར་འཐུས་ཀྱི་གྲོས་འགོ་རབ་དང་རིམ་པ་བཏོན་ཡོད། བརྟག་ཞིབ་གྲོས་མོལ་གྱི་ལས་དོན་སྤེལ་རིང་། ཁོ་པས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པར་བྱས་པས། བརྟག་ཞིབ་སྙན་ཞུའི་གྲངས་གཞི་དོན་དངོས་དང་མཐུན་པ་དང་། དབྱེ་ཞིབ་གཏིང་ཟབ་པ། གྲོས་འགོ་ལག་ལེན་བསྟར་ཆོག་བཅས་ཡོད་པ་རེད། སྲིད་གྲོས་ཨུ་ཡོན་ལ་ཞབས་འདེགས་ཞུ་རིང་ཁོ་པས་ཚགས་ཚུད་པོ་དང་དོ་དོ་ནན་ནན་བྱས་པས་ཨུ་ཡོན་ཚོའི་བློས་འགེལ་སའི་ལས་རོགས་སུ་གྱུར་ཡོད།