国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月04日

ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་མུ་མཐུད་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧན་གོའི་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་ནས། འགོ་བརྗོད་དུ《རྒྱུན་མཐུད་ཆོག་པའི་མཛེས་སྡུག་འབྱུང་འགྱུར་མཉམ་དུ་གཏོད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་རྩ་འགྱུར་དང་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་མདུན་ལམ་གསར་པ་བཏོད་ཡོད། དེ་དང་ཆབས་ཅིག འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཚལ་ཡིག་ཆེ་རུ་ཕྱིན་པ། གནམ་གཤིས་འགྱུར་ལྡོག་དང་། འབྲུ་རིགས། ནུས་རྒྱུའི་བདེ་འཇགས་སོགས་ཀྱི་འགྲན་སློང་ཛ་དྲག་ཏུ་ཕྱིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སྡེ་གཞི་ཁག་གིས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོ་སྐབས་གསར་པར་དམ་འཛིན་བྱེད་པ། འགྲན་སློང་གསར་པར་ཁ་གཏད་གཅོག་པ་བཅས་བྱས་ནས་རྒྱུན་མཐུད་ཆོག་པའི་མཛེས་སྡུག་འབྱུང་འགྱུར་མཉམ་དུ་གཏོད་དགོས།

ཞི་ཅིན་ཕིང་གིས་གྲོས་འགོ་གསུམ་བཏོན་གནང་བ་སྟེ།

གཅིག་ནས་གྲངས་རིག་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བར་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གསར་གཏོད་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས། ལག་རྩལ་གསར་པའི་སྒུལ་ནུས་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲངས་འཛིན་ཅན་དང་། རིག་ནུས་ཅན།ལྗང་མདོག་ཅན་བཅས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། གྲངས་གཞིའི་བདེ་འཇགས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་རྩལ་མཉམ་སྤྱོད་དང་སྒོ་དབྱེ་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། འགྲན་རྩོད་ནུས་པ་ལྡན་པའི་སྒོ་དབྱེ་གསར་གཏོད་ཀྱི་ཁོར་ཡུག་གཏོད་དགོས། མིའི་རིགས་ཡོངས་ཀྱི་བདེ་རྩར་བསམ་བློ་བཏང་ནས། མི་ཐབས་རིག་ནུས་དེ་ཉིད་ཕན་ཡོད་དང་། བདེ་འཇགས། དྲང་གཞག་བཅས་ཀྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་བཙུགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་ཐབས་རིག་ནུས་ཀྱི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་པའི་གྲོས་འགོ་བཏོན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་ཁག་དང་མཉམ་དུ་དམངས་ཚོགས་ཀྱི་མི་ཐབས་རིག་ནུས་ཐད་ཀྱི་བྱང་ཚད་ཐུན་མོང་ཐོག་མཐོ་རུ་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གྲངས་འཛིན་དང་རིག་ནུས་ཀྱི་འགལ་རྐྱེན་ཆེན་པོ་སེལ་འདོད་ཡོད།

གཉིས་ནས་ལྗང་མདོག་ཐཱན་ཉུང་མཐའ་འཁྱོངས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྤྱི་འགྲོས་གསར་པ་གཏོད་དགོས། ཕ་ཚ་བུ་རྒྱུད་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ལེགས་ཀྱི་ལྗང་མདོག་ལག་རྩལ་དང་ཐོན་རྫས་རང་མོས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱེད་དགོས། ཀྲུང་གོས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་ཁྱབ་བསྒྲགས་བྱས་ཚུན། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་མ་ལག་བསྐྲུན་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་དམིགས་ཚད་གོང་འབུལ་ཞུས་ཏེ་ཐཱན་འབུད་ཀྱི་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀ་ཚོད་འཛིན་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན།

གསུམ་ནས་ཀུན་ཕན་མཉམ་སྤྱོད་དོན་འཁྱོལ་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བསྟུན་མཁས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། སྲིད་ཇུས་ཀྱི་འབྲེལ་གཏུག་དང་། ཉམས་མྱོང་མཉམ་སྤྱོད། དངོས་སྒྲུབ་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ལག་གདང་སྦྲེལ་ནས་དབུལ་ཕོངས་སེལ་བ་བཅས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་སྲོལ་རྒྱུན་ལེགས་ཆ་གང་ལེགས་བཏོན་ནས་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་དོ་སྙོམས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་དགོས། ཀྲུང་གོས་མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་མི་འབོར་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་ཀྱིས་འཕྲོད་བསྟེན་བདེ་ཐང་ལ་རམ་འདེགས་བྱེད་པ་དང་བུད་མེད་ཀྱི་གྲངས་འཛིན་བྱང་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ལ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བས་ཕན་པ་ཐོབ་པར་བྱེད་རྒྱུ་ཡིན།

ཚོགས་འདུའི་ཐོག《2025ལོའི་APECའགོ་ཁྲིད་པའི་ཆིང་ཀྲོའུ་བསྒྲགས་གཏམ》དང་། 《APECམི་ཐབས་རིག་ནུས་ཀྱི་གྲོས་གཞི》 《APECམི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་སྒྲོམ་གཞིའི་མཉམ་ལས་ཡིག་ཆ》སོགས་གྲུབ་འབྲས་ཀྱིས་ཕྱུག་པའི་ཡིག་ཆ་སྤེལ་བ་རེད།

ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་དཔལ་འབྱོར་སྒྲིག་གཞིའི་འགོ་ཁྲིད་པས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

ཟླ་10ཚེས་31ཉིན་གྱི་དགོང་མོར། ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།