国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月04日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡིག་སྐུར་ངོ་གཏུག་ཅུས་སུ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས31 ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡིག་སྐུར་ངོ་གཏུག་ཅུས་སུ་ཕེབས་ཏེ་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་ལ་སྣེ་ལེན་བྱས་པ་རེད།

སྣེ་ལེན་ཡུལ་དངོས་སུ། མང་ཚོགས་ཀྱིས་བཏོན་པའི་གླ་ཕོགས་ཆད་འགྱངས་གནད་དོན་ལ་གཞིགས་ནས། ལའོ་ཆིན་འུའུ་ཡིས་གྱོད་གཞིའི་གནས་ཚུལ་ངོ་མ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད་ཡིག་སྐུར་ཚན་པ་དང་། འབྲེལ་ཡོད་ཚན་པ། ཁེ་ལས་བཅས་ས་གནས་ས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་ཡོད། ཁོང་གིས་ཡིག་སྐུར་ངོ་གཏུག་ལས་དོན་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སེམས་སྒྲ་ཉན་པ་དང་། མང་ཚོགས་ཀྱི་ཁེ་དབང་ལ་འགན་སྲུང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སེམས་ནུས་ཡོད་རྒུ་བཏོན་ནས་དུས་རབས་གསར་པའི་ཡིག་སྐུར་ངོ་གཏུག་ལས་དོན་ཡག་པོ་བསྒྲུབ་ཏེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་མགོ་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་ཟླའི་རྩོད་གཞི་ཞིབ་བཤེར་དང་སེལ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ཡིག་སྐུར་ངོ་གཏུག་གནད་དོན་ཉུང་དུ་ཐོན་པར་བྱེད་དགོས། 《ཡིག་སྐུར་ངོ་གཏུག་ལས་དོན་སྲོལ་ཡིག》ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། ཡིག་སྐུར་ངོ་གཏུག་ལས་དོན་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཡིག་སྐུར་ངོ་གཏུག་གི་དོན་ཚན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་ཡོད།