国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月31日

ལའོ་ཆིན་འུའུ་ཡིས་འཇོ་མདའ་དང་། གོ་འཇོ། སྨར་ཁམས། མཛོ་སྒང་བཅས་སུ་སྒྲོག་འགྲེལ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས21ཉིན་ནས་ཚེས29ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་འཇོ་མདའ་རྫོང་དང་། གོ་འཇོ་རྫོང་། སྨར་ཁམས་རྫོང་། མཛོ་སྒང་རྫོང་བཅས་སུ་ཟབ་ཞུགས་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བའི་ཁར། སྤྱི་ཚོགས་བཅོས་སྒྲིག་དང་། རྣམ་གྲངས་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། དམངས་འཚོར་ལེགས་གཏོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་བྱས་ཡོད།

ཉིན་ཤས་བསྟུད་མར། ལའོ་ཆིན་འུའུ་ཤང་གྲོང་དང་། གྲོང་སྡེ། སློབ་གྲྭ། རྣམ་གྲངས་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་ལས་བྱེད་པ་དང་བཞུགས་མོལ་དང་། གྲོང་བསྐྱོད་དུད་འཛུལ་སོགས་ཀྱི་རྣམ་པའི་ལམ་ནས་འཕེལ་རྒྱས་འཆར་འགོད་དང་གྲོས་འགོར་ནན་ཏན་ངང་གསན་པ་རེད། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གཙོ་ཐིག་ཏུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ནུས་པའི་ཆུ་ཚད་ཏན་ཏིག་གིས་མཐོར་འདེགས་གཏོང་དགོས། གཅིག་སྡུད་ཐོག་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། “3+1+1”ལས་འགན་གལ་ཆེན་ལ་གཞི་ཚུགས་ཏེ་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས་ཐོན་ལས་འཕེལ་རྒྱས་བཅས་ལ་ཏན་ཏིག་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་དགོས། རྩ་འཛུགས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མཉམ་སྡེབ་དཔལ་འབྱོར་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་དཔེ་སྟོན་རྣམ་གྲངས་སྐུལ་འདེད་གཏོང་བ། གནད་ལ་ཕིགས་པས་དམངས་ཕན་སྲིད་ཇུས་ལག་ལེན་བསྟར་ནས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་དགོས། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ནུས་པའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་གཏོང་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། དཔལ་འབྱོར་ཆ་འཕྲིན་ཅུས། ཞིང་ལས་དང་གྲོང་གསེབ་ཅུས་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལྷན་དུ་རྟོག་ཞིབ་ནང་ཞུགས་ཡོད།