ཞི་བས་བཅིངས་འགྲོལ་བཏང་བའི་སྐབས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དུས་རབས་གསར་པའི་བར། གངས་ལྗོངས་ཀྱི“རྩྭ་ཐང་གི་ཧྲག་བསྡུས་དམག་མི”ཡིས་ཚན་རྩལ་གྱི་འོད་སྣང་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མཐའ་ཡས་པའི་རྩྭ་ཐང་དང་གངས་རིའི་བར་དུ་ཆབ་མདོའི་ཕྱུགས་ལས་ལས་རིགས་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བསྐྱོད་པའི་རོལ་དབྱངས་མཉམ་དཀྲོལ་བྱས་ཡོད།
1951ལོར། བོད་ཞི་བས་བཅིངས་འགྲོལ་བཏང་བའི་དུང་བརྡ་གྲགས་པ་དང་། མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པ་ཡིས་བོད་དུ་སྐྱེལ་འདྲེན་འཛུགས་སྐྲུན་གྱི་དགོས་མཁོར་རྒྱབ་རོགས་བྱ་ཆེད། ཕྱི་ལོའི་ཟླ4པར། ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་ཞིང་ལས་དང་ནགས་ཚལ་པུའུ་ཡིས་མགྱོགས་མྱུར་སྒོས་ཆུ་ནུབ་ཕྱུགས་ནད་འགོག་རུ་ཆེན་བཙུགས་པ་རེད།
རུ་ཆེན་འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱི་སྔོན་མ་ཡིན་པ་མ་ཟད། བོད་ཀྱི་ཕྱུགས་ནད་སྔོན་འགོག་བྱེད་པའི་སྨན་ཁང་ཐོག་མ་དེ་བས་ཀྱང་ཡིན།
དུས་དེ་ནས་བཟུང་། མི80ཡོད་པའི་རུ་ཁག་འདིས་མི་དམངས་བཅིངས་འགྲོལ་དམག་གི་སྐྱེལ་འདྲེན་ལམ་ཐིག་ལ་འདོན་པའི་ཕྱུགས་ནད་འགོག་བཅོས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་ཏེ། དངོས་ཟོག་མི་འདང་བའི་ལོ་ཟླའི་ནང་དུ་ཁོ་ཚོས་བོད་ཀྱི་དེང་རབས་ཕྱུགས་ལས་ལས་རིགས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཞག་ཡོད།
2016ལོ་ནས་བཟུང་། ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དམག་འཐབ་རྒྱག་མགོ་ཚུགས་པ་དང་། ལག་རྩལ་པ་ཚོས་ཕྱུགས་རར་བསྐྱོད་དེ་ལུག་རེར་ཡིག་ཚགས་བཟོས་ནས་ཚོད་ལྟའི་རྫོང་གི་ནད་འགོས་ཚད་བརྒྱ་ཆའི1.77ཉུང་དུ་ཕྱིན་ཞིང་། རྒྱ་ཆེའི་ཞིང་འབྲོག་པ་མང་ཚོགས་ཀྱིས་བདེ་ཐང་གི་སྲུང་ཡོལ་བརྟན་པོར་བཙུགས་ཡོད།
“ཨ་དབང་ལུག”ལྟ་བུའི་ས་ཁམས་མཚོན་རྟགས15དང་། རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་ཀྱི་ཐོན་ཁུངས་གསར་པ3 དེ་བས་ཀྱང་ཁོ་ཚོས་ཆབ་མདོའི་རི་ཆུ་ནགས་གསུམ་བརྒལ་ཏེ་ཕྱུགས་ཁྱུ་ལས་ནོར་བུ་སྔོག་འདོན་བྱས་ཏེ། ས་མཐོའི་འདེབས་ཁུངས་རྩ་བ་སྲུང་ནས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རིགས་སྐྱེ་སྟོབས་འབར་བར་བྱས་ཡོད།
“ཐོག་མའི་བསམ་འདུན་ནི་ཞིང་གསུམ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ལ། ཁ་ཕྱོགས་ནི་དེང་རབས་ཅན་ཡིན།”ཆབ་མདོ་གྲོང་ཁྱེར་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ས་ཚིགས་ཀྱི་འགོ་གཙོ་བསོད་ནམས་རྒྱ་མཚོ་ཡིས་དེ་ལྟར་བཤད།

