འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཀྲོང་ཅིན་སུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེས་ཆེར་ལྡན་པས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་མགྱོགས་མྱུར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ལ་སྤྱི་འདོམས་བྱས་ཏེ། “འགན་ལེན་གསུམ་དང་བརྩོན་ལེན་གཅིག”དམ་པོར་དམིགས་པ་དང་། ཆོད་སེམས་བརྟན་པོ་དང་དཀའ་སྤྱད་འབད་བརྩོན་གྱི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་དགོས། རང་རྟོགས་ཀྱིས་ཆབ་མདོའི་ལས་དོན་དེ་ཏང་ཡོངས་དང་རྒྱལ་ཡོངས། ལྗོངས་ཡོངས་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་བཞག་ནས་ཞིབ་འཇུག་བསམ་གཞིག་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཇུས་འགོད་བཅས་བྱས་ཏེ། འབྱུང་འགྱུར་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱིས་ཆབ་མདོའི་སྒྲིག་བཤེར་ཨུ་ལྷན་གྱི་ལས་དོན་གྱི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལས་དོན་དང་གཅིག་སྡུད་བཅོས་སྐྱོང་ལས་དོན་སྙན་སེང་ལ་གསན་པ་རེད།

