ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ། ཁྱད་ཆོས་མངོན་གསལ་དོད་པའི་ཡོས་བརྔོ་བྱེད་འཕྲུལ་ཆས་ཀྱི་ལྡིར་སྒྲས་ཁེངས་བཞིན་མཆིས། དེ་ཡང་ཡོས་བརྔོ་བྱེད་དུ་ཡུལ་དེ་གའི་རྒྱུན་མཐོང་གི་བེད་མེད་ཤིང་ཆ་དང་ལྕི་བ་སོགས་བུད་ཤིང་དུ་བྱས་པས་ཞིང་པ་ཚོའི་ཡོས་བརྔོ་བའི་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། སྲོལ་རྒྱུན་དང་དེང་རབས་ལག་རྩལ་མཉམ་འདྲེས་ཀྱི་གསར་གཏོད་མཚོན་རྟགས་ཤིག་ཏུའང་གྱུར་ཡོད། སྤྱོད་གོ་ཆེ་བའི་འཕྲུལ་ཆས་དེ་དག་གསར་གཏོད་བྱེད་མཁན་ནི་ཁ་རུབ་ཆུས་ཀྱི་སྲིད་གྲོས་ཨུ་ཡོན་དང་བོད་ལྗོངས་དཀོན་མཆོག་ཞིང་ལས་འཕྲུལ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དཀོན་མཆོག་བཀྲ་ཤིས་རེད།
ད་ལོ་ལོ་50ལ་སླེབས་པའི་དཀོན་མཆོག་བཀྲ་ཤིས་ནི་ལྕགས་བཟོ་བ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་། ཁོང་གི་པ་ཕ་ནི་ས་གནས་དེ་གར་སྐད་གྲགས་ཆེ་བའི་ལྕགས་བཟོ་བ་ཞིག་རེད། ཆུང་དུས་ནས་པ་ཕའི་ལག་རྩལ་མིག་འདྲིས་རྣར་འཇགས་བྱུང་བའི་དབང་གིས་ཁོང་ཡང་ཞིང་ལས་ཡོ་བྱད་བཟོ་བར་ཡིད་སེམས་སྤྲོ་བས་བརྟས་ཡོད། དེ་ལྟར་ལོ་བཅུ་གྲངས་ལ་སླེབས་སྐབས་ཁོང་གིས་ཐོ་བ་ལག་ཏུ་བཟུང་ནས་པ་ཕའི་ས་ནས་ལག་རྩལ་སྦྱོང་འགོ་བརྩམས།
དེ་ལྟར་དུས་ཀྱི་གོམ་བགྲོས་ལས་དཀོན་མཆོག་བཀྲ་ཤིས་ལག་ཤེས་ཡག་པོ་ཤེས་རྗེས་ཕྱིར་ལས་ཀ་འཚོལ་བར་བསྐྱོད། དེའི་རིང་ཁོང་ལ་རང་ཉིད་དང་ལས་ཀ་གཅིག་པའི་རོགས་པ་མང་པོ་ངོ་ཤེས་པ་མ་ཟད། ཤིང་ཆ་ལས་སྣོན་དང་ཞིང་ལས་འཕྲུལ་ཆས་ཐད་ཀྱི་ཤེས་བྱ་མང་དག་ཅིག་ཀྱང་ཤེས་ནས་ཕྱིས་སུ་ཞིང་ལས་འཕྲུལ་ཆས་སྒྱུར་བཀོད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
གཞན་ཡུལ་དུ་ལས་ཀར་ཕྱིན་པའི་ཉམས་མྱོང་ལས་ཁོང་གི་ལག་ཤེས་ཉིན་རེ་ལས་མ་འདས་པར་བྱང་ཆུབ་པ་མ་ཟད། ད་དུང་བློ་རྩ་བརྟན་པའི་གཤིས་རྒྱུད་ཀྱང་ཞུན་བརྡར་ཐེབས་ཡོད། ཁོང་གི་ཉིན་གླ་ཡང་ཐོག་མའི་སྒོར་16ནས་2011ལོའི་སྒོར་240བར་མཐོ་རུ་ཕྱིན་ནས་ས་གནས་དེ་གར་སྐད་གྲགས་ཆེ་བའི་བཟོ་བོ་ཞིག་ཏུ་གྱུར་མོད། ཡིན་ནའང་དཀོན་མཆོག་བཀྲ་ཤིས་ཀྱིས་དེར་བློ་ཡིད་ཚིམ་ནས་མ་བསྡད་པར་མུ་མཐུད་མདུན་སྐྱོད་ཀྱི་ལམ་བུར་བཞུད། 2008ལོར་ཁོང་གིས་བསགས་དངུལ་ཡོད་ཚད་བཏོན་ནས་ལས་སྣོན་བཟོ་གྲྭ་ཆུང་ངུ་ཞིག་བཙུགས་ཏེ་ལས་གཏོད་ཀྱི་བྱ་བ་སྒྲུབ་འགོ་བརྩམས།
2016ལོར་དཀོན་མཆོག་བཀྲ་ཤིས་ཀྱིས་ཐེངས་ཤིག་གཞི་རིམ་དུ་སྐྱོད་པའི་ལམ་བར་དུ། འབྲོག་པས་སྦག་སྦག་སྟེང་ནས་དོ་པོ་འཁྱོག་ཚད་བཀལ་ཏེ། སྤྱི་ལེ་བཅུ་ཕྲག་ཁ་ཤས་དང་ཐ་ན་བརྒྱ་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་རྫོང་གྲོང་དུ་ཡོས་བརྔོ་བ་དང་རྩམ་པ་འཐག་པར་འགྲོ་བ་དངོས་སུ་མཐོང་། ཀྱག་ཀྱོག་གི་རི་ལམ་བརྒྱུད་དགོས་པའི་ཁར་མ་གནས་མཐོ་ལ་ཉེན་ཁ་ཆེ་བས། འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་སྐྱེས་པ་དེར་གདུང་སེམས་དྲག་པོ་སྐྱེས། དེ་མུར་ཁོང་གི་བློ་ངོར་ཞིང་འབྲོག་པ་ཚོར་སྟབས་བདེ་སྐྲུན་པའི་ཡོས་བརྔོ་བྱེད་འཕྲུལ་འཁོར་ཞིག་བཟོ་ཐུབ་ན་ཅི་མ་རུང་སྙམ།
ཨ་ཅང་ཅང་། ཞིབ་འཇུག་གསར་སྤེལ་གྱི་ལམ་བུ་ནི་ཡིད་ལ་བསམ་པ་ལྟར་གྱི་ལས་སླ་པོ་ཞིག་གཏན་ནས་མིན་ཏེ། རིག་གནས་ཀྱི་རྨང་གཞི་ཞན་པའི་ཁོང་ལ་འཕྲུལ་ཆས་ཀྱི་བཟོ་དབྱིབས་ཇུས་འགོད་དང་ཚ་ནུས་བརྒྱུད་འདྲེན་སོགས་ཆེད་ལས་ཀྱི་གནད་དོན་འཕྲད་སྐབས་རྟག་ཏུ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར། “མི་མང་པོ་ཞིག་གིས་ང་ལ་ལྕགས་བཟོ་བ་ཞིག་གིས་འཕྲུལ་ཆས་བཟོ་བ་ནི་རྣ་བར་མི་འགྲོ་བ་ཞིག་རེད་ཅེས་ཤོད་ཀྱི་འདུག” འོན་ཀྱང་ཁོང་གིས་ཨ་ན་ཨུ་ཚུགས་ཀྱིས་རྒྱུན་འཁྱོངས་བྱེད་པའི་སེམས་ཤུགས་མ་ཉམས་པར་ཚོད་ལྟ་དང་། ཕམ་ཁ། ཡང་བསྐྱར་ཚོད་ལྟ་སོགས་མཚན་མོ་གྲངས་མེད་བསྐྱལ་མཐར། 2018ལོར་མེ་ནུས་རྒྱུར་བྱས་པའི་ཡོས་བརྔོ་བྱེད་འཕྲུལ་ཆས་དང་པོ་དེ་ཞིབ་བཟོ་ལེགས་གྲུབ་བྱུང་ཞིང་། འཕྲུལ་ཆས་དེར་བེད་མེད་ཤིང་ཆ་དང་ལྕི་བ་སོགས་འབར་སླ་བའི་བུད་ཤིང་སྤྱོད་ཆོག་ལ་བེད་སྤྱོད་ཀྱང་ཧ་ཅང་སྟབས་བདེ་བས། ཞིང་འབྲོག་ཁུལ་དུ་སྤྱོད་པར་ཤིན་ཏུ་འཚམ་པོ་ཡོད། དེ་ལྟར་ཡུན་རིང་མ་སོང་བར་ཐོན་རྫས་དེར་ཡུལ་དེ་གའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།
2018ལོར་དཀོན་མཆོག་བཀྲ་ཤིས་ཀྱིས་བོད་ལྗོངས་དཀོན་མཆོག་ཞིང་འཕྲུལ་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་དཀོན་མཆོག་རྒྱན་སྤྲོས་མཛེས་རྒྱན་ཚད་ཡོད་ཀུང་སི་སྔ་རྗེས་སུ་བཙུགས་ཏེ། ཡོས་བརྔོ་བྱེད་འཕྲུལ་ཆས་གཞི་ཁྱོན་ཆེན་པོས་ཐོན་སྐྱེད་བྱས་པ་མ་ཟད། ཡུལ་དེ་གའི་དཀའ་ངལ་ཆེ་བའི་མང་ཚོགས་ལས་མིར་ཧུར་ཐག་བསྡུས་ཡོད།
མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། ཚང་མ་ཕྱུག་པོ་ཆགས་ན་གཞི་ནས་ཕྱུག་པོ་ཡིན། དེ་ནི་དཀོན་མཆོག་བཀྲ་ཤིས་ཀྱིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད། ཁོང་གི་ཁེ་ལས་ཀྱིས་སྔོན་ལ་དཀའ་ངལ་ཡོད་པའི་མང་ཚོགས་ལས་ཀར་བཅུག་པ་མ་ཟད། ད་དུང་རང་ཉིད་ཀྱི་ལག་ཤེས་བུམ་པ་གང་བྱོའི་ཚུལ་དུ་ཁོང་ཚོར་བསླབས་ཀྱི་ཡོད། མིག་སྔའི་བར། ཁོང་གི་ཀུང་སིས་དཀའ་ངལ་ཡོད་པའི་མང་ཚོགས་30ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད།

