国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月24日

བོད་ཀྱི་མི་དམངས་སྦྲག་ཏར་ལས་ཁུངས་དང་པོ།

ལོ་ཟླའི་འཕོ་འགྱུར་ཁྲོད་ཀྱི་བཞུད་ལམ་རིང་མོ།

“རི་ཆུ་སྟོང་ཕྲག་བརྒལ་ནས་འཕྲིན་ཡིག་བསྐྱལ། ཁ་ཆར་བུ་ཡུག་ཀློང་ནས་གློག་འཕྲིན་བཏང”བའི་དཀའ་ཚེགས་ཆེ་བའི་ལོ་ཟླ་ནས་ད་ཆའི“འཁོར་རྒྱུག་བཞི་ཟུང་འབྲེལ”གྱི་དེང་རབས་ཁེ་ལས་བར་དུ་ཆབ་མདོའི་སྦྲག་ཏར་གྱིས་ལོ་ཟླ་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་མཐོ་སྒང་གི་འཕྲིན་གཏོང་བྱ་གཞག་གི་བརྗིད་ཆེའི་ལེའུ་བྲིས་ཡོད།

1950ལོའི་ཟླ10པར། ཆབ་མདོ་བཅིངས་འགྲོལ་བཏང་བ་དང་དམག་སྡེ་བཅོ་བརྒྱད་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འཕྲིན་སྐྱེལ་ཁའོ་ཡིས་དམག་འཕྲིན་འཕྲིན་གཏོང་ལས་འགན་ལྕི་མོ་ཕྲག་ཏུ་བཞེས། ལོ་དེའི་ཕྱི་ལོའི་དཔྱིད་ཀར། ཁྲོན་ནུབ་སྦྲག་ཏར་དོ་དམ་ཅུས་ཆབ་མདོ་སྦྲག་སྲིད་ཅུས་དངོས་སུ་བཙུགས་པ་དང་། བོད་ཀྱི་མི་དམངས་སྦྲག་ཏར་ལས་ཁུངས་དང་པོ་ཡིན་པའི་ངོས་ནས་ཐོག་མར་འཛུགས་དུས་ལས་སྒྲུབ་མི་སྣ་གཉིས་དང་།“མི་རེར་རྟ་རེ”ལས་མེད། ལོ་དེའི་དགུན་ཁར། ཆབ་མདོའི་འཕྲིན་གཏོང་གློག་འཕྲིན་ཁང་བཙུགས་ཤིང་ཆབ་མདོ་ནས་ལྕགས་ཟམ་ཁ་བར་གྱི་མང་ཚོགས་ཀྱི་གློག་འཕྲིན་ཐོག་མ་བཏང་ཞིང་། གློག་རླབས་ཀྱིས་རི་ཆུ་སྟོང་ཕྲག་བཅད་པ་དེ་བོད་དང་རྒྱལ་ཡོངས་བར་གྱི་ཚེ་སྲོག་གི་ལམ་ཐག་གཅིག་ཏུ་སྦྲེལ་བ་ཆགས་ཡོད་པ་རེད།

འཕེལ་རྒྱས་སོང་བ་དང་བསྟུན་ནས། 1954ལོར་ཁྲེན་ཏུའུ་ནས་ཆབ་མདོ་བརྒྱུད་དེ་ལྷ་ས་བར་གྱི་རང་གཉེར་རླངས་འཁོར་སྦྲག་ལམ་ཤར་གཏོང་བྱུང་། 1956ལོར་ཆབ་མདོའི་སྦྲག་སྐྱེལ་གློག་འཕྲིན་ལྟེ་གནས་ཅུས་དེ་བོད་ལྗོངས་སྦྲག་སྐྱེལ་གློག་འཕྲིན་དོ་དམ་ཅུས་ཀྱི་འགོ་ཁྲིད་ཁོངས་སུ་གཏོགས་པར་བྱུང་། 1962ལོར་བོད་ཀྱི་བོད་ཡིག་གློག་འཕྲིན་ལས་སྒོ་སྤེལ་འགོ་ཚུགས། 1987ལོར་ཆབ་མདོ་ས་ཁུལ་སྦྲག་སྲིད་གློག་འཕྲིན་ཅུས་ཀྱིས་སྦྲག་སྲིད་གསོག་འཇོག་ལས་སྒོ་བཙུགས། 1998ལོར་ཆབ་མདོ་ས་ཁུལ་སྦྲག་སྐྱེལ་གློག་འཕྲིན་ཡན་ལག་ལས་གཉེར་གྱི་མིང་དུ་བསྒྱུར། 2014ལོར“བོད་རང་སྐྱོང་ལྗོངས་སྦྲག་སྲིད་ཀུང་སི་ཆབ་མདོ་ས་ཁུལ་ཡན་ལག་ཀུང་སི”ཞེས་པའི་མིང་དུ་བསྒྱུར། 2020ལོར་སླར་ཡང“ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་ཆབ་མདོའི་ཡན་ལག་ཀུང་སི”ཞེས་པའི་མིང་དུ་བསྒྱུར།

ད་ཆའི་ཆབ་མདོའི་སྦྲག་སྲིད་ས་ཁོངས་ཡོངས་ལ་ཁྱབ་ནས་རྫོང་རིམ་པའི་ཡན་ལག་ལས་ཁུངས10དང་། ཞབས་ཞུའི་དྲ་ཚིགས142 གཉེར་སྐྱོང་ཡིག་སྐྱེལ་བ267བཅས་ཡོད།