གྲོང་ཁྱེར་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་གཞི་རྟེན་གལ་ཆེན་ཞིག་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་བར་མཐོངས་གལ་ཆེན་ཞིག་རེད།
ད་ལོའི་ཟླ་བ་བདུན་པར་འཚོགས་པའི་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ལྡན། ཤེས་དཔལ། རིག་ལྡན”བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་གྱི་འཛུགས་སྐྲུན་གྱི་དམིགས་ཚད་གསལ་པོར་བཏོན་ནས “ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་དགོས”པའི་ནན་བཤད་གནང་ཡོད།
གླིང་ཁུལ་རྙིང་པ་སྒྱུར་བཀོད་བྱས་པ་དེ་ལས་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་གྱི་དོན་སྙིང་མངོན་པ།
ཀྲེ་ཅང་ཧང་ཀྲོའུ་ཡུས་ཧང་ཆུས་ཀའོ་ཆའོ་ཡུན་ཀང་གླིང་ཁུལ་གྱི་དེ་སྔའི་བེད་མེད་བཟོ་ཁང་ད་ཆ་ལས་གཏོད་སྡེ་ཁུལ་དུ་སྒྱུར་བཀོད་བྱས་པ་དེའི་ནང་། མི་ཐབས་རིག་ནུས་དང་། སྐྱེ་དངོས་ཚན་རྩལ། ཐད་གཏོང་དྲ་ཚོང་སོགས་ཀྱི་ཐོན་ལས་གཅིག་སྡུད་བྱས་ཡོད། དྲ་ཚོང་ཚོང་པ་སུན་དབྱི་ཅིའུ་ཡིས“ང་ཚོས་སྟབས་བསྟུན་ངང་གཞུང་ལས་སྒྲུབ་ཡུལ་མཉམ་སྤྱོད་རྣམ་པ་དང་། ཐོག་སོ་ཆ་ཚང་གཅིག ཐོག་ཁང་ཧྲིལ་པོ་བཅས་གདམ་ག་བྱེད་ཆོག་པས། ཁེ་ལས་ཀྱི་འཕེལ་རྒྱས་དུས་མཚམས་མི་འདྲ་བའི་དགོས་མཁོ་སྐོང་ཐུབ”ཅེས་བཤད།
ལྗང་མདོག་ཐཱན་ཉུང་ནི་གླིང་ཁུལ་གསར་བརྗེས་སྒྱུར་བཀོད་ཀྱི་ནང་དོན་གཙོ་བོ་རེད། གླིང་ཁུལ་གང་སར་སྔོ་ལྗང་གིས་བརྒྱན་ལ་ཚན་རྩལ་གྱིས་རྣམ་པས་ཁེངས་བཞིན་ཡོད་ལ། ཁང་པའི་གྱང་ངོས་སུ་གློག་འོད་སྒྲིག་ཆས་དང་དྲོད་སྲུང་མ་ལག་སྒྲིག་སྦྱོར་བྱས་ཤིང་། ཁང་པའི་ནང་དུའང་ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན་དང་ནུས་ཆེའི་དྲོད་སྙོམ་འཕྲུལ་ཆས་ཡོད་ལ། འོད་ཤུགས་གློག་གསོག་ཡོ་ཆས་ཀྱང་བསྒར་ཡོད་པས་གློག་སྤྱོད་ཀྱི་མཁོ་སྤྲོད་སྤྱིར་ན་དོ་སྙོམས་བྱུང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ།
གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་ཁ་ཕྱོགས་སྟངས་འཛིན་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
མི་རྩ་བར་འཛིན་པར་གྲུབ་འབྲས་ཐོབ་ནས་གྲོང་ཁྱེར་གྱི་གནས་འཕྲོད་ལས་འཚམ་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པ།
ཉིན་གུང་ཅང་ཤིས་ཀན་ཀྲོའུ་ཀྲང་ཀུང་ཆུས་ཧུང་ཁྲེང་སྲང་ལམ་སྡེ་ཁུལ་གྱི་ཟ་ཁང་ནས་ཟ་མའི་དྲི་ཞིམ་འཐུལ་ཞིང་། ལོ་67ལ་སླེབས་པའི་གྲོང་མི་སུའུ་ལན་ཆིང་གིས“ཤ་ཡོད་ཀྱི་ཚལ་གཉིས་དང་། ཤ་མེད་ཀྱི་ཚལ་གཅིག ཐང་བཅས་ཀྱི་རིན་གོང་ཁེ་བ་དང་ཧ་ཅང་སྟབས་བདེ་འདུག”ཅེས་ཟ་མ་འདེམས་བཞིན་བཤད།
ལོ་གཉིས་ཀྱི་གོང་། ཧུང་ཁྲེང་ཀང་སྲང་ལམ་སྡེ་ཁུལ་རྒྱལ་ཡོངས་ཀྱི་ཆ་ལག་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་ཚོད་ལྟའི་ཁོངས་སུ་བཞག་པར་བརྟེན་སྡེ་ཁུལ་གྱི་རྒན་རྒོན་ཚོ་ཟ་མ་ཟ་བར་སྟབས་བདེ་བྱུང་བ་མ་ཟད། ད་དུང་ལན་ཆིའུ་སྤོ་ལོའི་ཐང་དང་བྱིས་པ་རྩེད་མོ་རྩེ་ས་སོགས་བསྐྲུན་པས་གྲོང་མིའི་འཚོ་བ་དེ་བས་སྐྱིད་སྣང་ལྡན་པར་གྱུར་ཡོད།
ད་ཆ། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་སྡོད་ཁང་འགན་སྲུང་མ་ལག་བསྐྲུན་པ་མ་ཟད། འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ཁང་པ་ཆ་ཚང་ཁྲི་6800ལྷག་ཙམ་བསྐྲུན་པས་མང་ཚོགས་དུང་ཕྱུར་1.7ལ་ཕན་པ་ཐོབ་ཡོད། རིམ་རྩིས་བརྒྱབ་ན། ཁུལ་ཆུང་རྙིང་པ་ཁྲི་30སྒྱུར་བཀོད་བྱེད་འགོ་ཚུགས་པའི་ཁྲོད་རྒན་གསོ་དང་བཅོལ་གསོ་སོགས་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་ཁག་ཁྲི་7.96དང་རླངས་འཁོར་འཇོག་ས་ཁྲི་400མང་དུ་བཏང་ཡོད།
ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་བས་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པ།
རང་རྒྱལ་འདི་ཉིད་གྲོང་ཁྱེར་སྒུལ་ཤུགས་གསར་རྙིང་བརྗེ་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད། གྲོང་ཁྱེར་690ལྷག་ཙམ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་རྨང་གཞིའི་ཆ་རྐྱེན་མི་འདྲ་བས་རང་སོ་སོའི་ཁྱད་ཆོས་དང་ལེགས་ཆ་མངོན་པ་བྱ་རྒྱུ་ནི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་གྱི་སྙིང་དོན་ཡིན།
ཀོང་ཏུང་ཧྲེན་ཀྲེན་དུ་གྲོང་ཁྱེར་ཧྲིལ་པོ་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཚོད་ལྟ་བྱ་ཡུལ་དུ་གྱུར་པ་དང་ཐོན་ཁུངས་མཉམ་སྤྱོད་བྱས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཕྱོགས་གཉིས་རྒྱུག་སྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད།
ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡིས་རི་ཁུལ་དང་། མཚོ་ཁུག གཙང་པོ་དང་ཆུ་བོ་སོགས་ཀྱི་ཐོན་ཁུངས་ལ་བརྟེན་པ་དང་རི་ཆུ་སྔོ་ལྗང་གིས་བརྒྱན་པའི་ལམ་བུ་དང་སན་ཧྥང་སྲང་ལམ་བདུན་པའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཕན་ཚུན་གཅིག་ལ་གཅིག་འགྲན་བྱེད་བཞིན་མཆིས།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་རྒྱལ་གྲོང་ཁྱེར་གྱི་ཕྱོགས་བསྡུས་སྟོབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་ནས་གྲོང་ཁྱེར་ཁྱུ་ཚོགས་19ལ་རྒྱལ་ཡོངས་ཀྱི་མི་འབོར་75%ཙམ་འཚོ་སྡོད་བྱེད་པ་དང་རྒྱལ་ནང་ཐོན་སྐྱེད་རིན་ཐང་ལ་ལེགས་སྐྱེས་འབུལ་ཚད་85%ཙམ་ཟིན་ཡོད། ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གྱི་ཆུ་ཚད་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་143དང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་1300ཙམ་ཡོད།
སྤྱི་འདོམས་མཐུན་སྦྱོར་བྱས་ནས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་ཕྱིན་པ།
པེ་ཅིང་གྲོང་ཁྱེར་གྱི་ཞོར་གཏོགས་ལྟེ་གནས་སུ་ལོ་ལྔ་བསྟུད་མར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་སྟོང་ཡན་རྒྱུན་འཁྱོངས་ཐུབ་ཡོད། སྔོན་མའི་ཤར་ཕྱོགས་རྫས་འགྱུར་བཟོ་གྲྭ་ད་ཆ་གྲོང་ཁྱེར་གྱི་ནགས་ཚལ་སྤྱི་གླིང་དུ་གྱུར་པ་དང་ཨེ་ཤེ་ཡའི་ས་འོག་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་དེ་སྔོན་དཔག་བྱས་ན་ལོ་མཇུག་ཏུ་སྐྲུན་ཚར་རྒྱུ་རེད།
ཞུང་ཨན་ཁུལ་གསར་འཕེལ་རྒྱས་ཆེན་པོ་བྱུང་ནས་ལོ་བརྒྱད་ལྷག་ཙམ་རིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་200ལྷག་ཙམ་བར་རྒྱ་ཆེར་ཕྱིན་པ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་ཞུང་ཨན་དུ་ཡན་ལག་སྒྲིག་གཞི་ཁག་300ལྷག་ཙམ་བཙུགས་ཡོད།
སྤྱི་ཡོངས་འཆར་འགོད་དང་མཉམ་དུ་འཕེལ་རྒྱས་ཕྱིན་པར་བརྟེན། པེ་ཅིང་གི“གྲོང་ཁྱེར་ཆེན་པོའི་ཞན་ཆའི”གནད་དོན་ཐག་གཅོད་ནུས་ལྡན་བྱུང་སྟེ། ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
“མེ་ཏོག་འཚེམ་དྲུབ་རྒྱག་པའི”བྱེད་ཐབས་སྤྱད་ནས་གྲོང་ཁྱེར་བཅོས་སྐྱོང་བྱས་ཤིང་། པེ་ཅིང་གིས་སྡེ་ཁུལ་གྱི་དོན་གྲོས་ཁང་དང་གྲོང་མིའི“གྲོས་གཞི་ཆུང་ངུ”སོགས་རང་སྐྱོང་རྣམ་པ་སྤྱད་དེ་དམངས་ཀྱི་བསམ་འཆར་དང་དགོས་མཁོ་བསྡུ་ལེན་རྒྱ་ཁྱབ་བྱས་ནས་ཁྲོམ་གཞུང་སྲང་ལམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད། ཧྲང་ཧའེ་ཡིས་མི་དམངས་ཀྱི་གྲོས་འགོ“བསྡུ་ལེནདང་། ཞིབ་འཇུག ཕྱོགས་སྒྱུར”བཅས་ཀྱི་གདུབ་ཟུམ་དོ་དམ་བྱེད་སྟངས་དང་འཁོར་སྐྱོད་ལམ་སྲོལ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་གྲོས་འགོ་བཟང་པོ་གྲོང་ཁྱེར་བཅོས་སྐྱོང་གི་བྱེད་ཐབས་སུ་འགྱུར་བར་བྱས་ཡོད། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས། རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་ཟུང་འབྲེལ་བྱེད་དགོས།
“ལོ་ལྔ་ཚན་བཅུ་བཞི་པར”རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅོ་ལྔ་པ”ཇུས་འགོད་བྱེད་དགོས། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་གྱི་སྐབས་སུ་གྲོང་ཁྱེར་འཕེལ་རྒྱས་གཏོང་ཐབས་གང་མགྱོགས་ཕྱོགས་སྒྱུར་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ། གཞི་ནས་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད།
 
             
 
						
						
                
