国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月21日

ཁྱེད་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཤེས་སམ།

གཏུག་བཤེར་ནུས་ཡུན།

མི་ལུས་ལ་གནོད་འཚེ་གཏོང་བ་དང་། ཐོན་རྫས་ཀྱི་ཚད་གཞི་མ་ལོན་པ། བོགས་དངུལ། བཅོལ་ཉར་དངོས་རྫས་བཅས་ཀྱི་རྩོད་གཞིའི་ནུས་ཡུན་ལོ་གཅིག་ཡིན་པ་ཕུད། དེ་མིན་གྱི་གཏུག་བཤེར་ནུས་ཡུན་སྤྱིར་ན་ལོ་གསུམ་ཡིན།

མི་མང་པོ་ཞིག་གིས(ཁྲིམས་རིག་པ་སྦྱོང་མཁན་གྱི་སློབ་མ་གསར་པ་ཚུད)གཏུག་བཤེར་ནུས་ཡུན་དེ། བུ་ལོན་གང་རུང་ཞིག་གི་གཏུག་བཤེར་ནུས་ཡུན་ཡོལ་ན་བུན་འགན་འཁུར་མིས་འཇལ་མི་དགོས་པར་ངོས་བཟུང་གི་ཡོད་པ་དེ་ནི་ནོར་བ་རེད།

གལ་ཏེ་བུ་ལོན་གྱི་གཏུག་བཤེར་ནུས་ཡུན་ཡོལ་ན། ཞུ་གཏུག་རྒྱག་དབང་ཡང་མེད་པར་འགྱུར་གྱི་ཡོད། དེ་ནི་བུན་བདག་གིས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པའི་དབང་ཆ་སྔར་བཞིན་ཡོད་པ་དང་། བུན་འགན་འཁུར་མིས་གལ་ཏེ་གཏུག་བཤེར་ནུས་ཡུན་ནང་དག་འབུད་མ་བྱས་ཚེ་སྔར་བཞིན་བུ་ལོན་འཇལ་དགོས། གཏུག་བཤེར་ནུས་ཡུན་ཡོལ་བ་དང་བསྟུན་ནས་བུན་དབང་ཡང་མེད་པར་འགྱུར་གྱི་མེད་པས། གཏུག་བཤེར་ནུས་ཡུན་མཚམས་འཇོག་ཆོག་གི་ཡོད།

ཟུར་འབུད་ཡུན་ཚད།

སྤྱིར་ན་ལོ་1ཡིན་པ་དང་ཁ་ཤས་ཟླ་བ་གསུམ་ཡིན།

ཟུར་འབུད་ཡུན་ཚད་ཡོལ་བ་དང་སྦྲགས་སྔར་ཡོད་ཀྱི་ཁེ་དབང་མེད་པ་ཆགས་ཀྱི་ཡོད་པ་མ་ཟད། བར་མཚམས་འཇོག་པ་དང་། བར་མཚམས་ཆད་པ། རིང་དུ་གཏོང་བ་བཅས་ལ་ཕན་ཐོགས་ཀྱི་མེད། དེའང་ཁེ་དབང་དེ་རང་མེད་པར་གྱུར་པས་ཞུ་བ་འཐེན་ས་མེད། གན་རྒྱ་ཕྱིར་འཐེན་བྱེད་དབང་ལ་ཆ་བཞག་ན། གན་རྒྱ་ཕྱིར་འཐེན་གྱི་རྒྱུ་མཚན་ཤེས་པའི་ཉིན་མོ་ནས་ལོ་གཅིག་ནང་ཚུན་དུ་ཕྱིར་འཐེན་བྱེད་དབང་སྤྱད་མེད་ན་ཕྱིར་འཐེན་བྱེད་དབང་མེད་པར་འགྱུར་གྱི་ཡོད།

གཏུག་བཤེར་རམ་ཁྲུན་གཅོད་ཀྱི་དོན་ཚན།

གན་རྒྱ་མི་ཉུང་བ་ཞིག་ལ་རྩོད་གཞིའི་དོན་ཚན་གྲས་སུ“གལ་ཏེ་རྩོད་གཞི་ཐོན་ན་ཁྲིམས་ཁང་ག་གེ་མོར་ཞུ་གཏུག་རྒྱག་ཆོག་ལ་ཁྲུན་གཅོད་ཨུ་ཡོན་ལྷན་ཁང་ག་གེ་མོར་ཁྲུན་གཅོད་ཀྱི་རེ་འདུན་ཞུ་ཆོག”ཅེས་བྲིས་པ་མཐོང་རྒྱུ་ཡོད། དེ་གཉིས་གྲས་ནས་གཅིག་ལས་འདེམས་མི་རུང་བས། དོན་ཚན་འདི་རིགས་ཀྱིས་ནུས་པ་མི་ཐོན།

དཔང་འདོན་རྩ་དོན།

དམངས་དོན་གཏུག་བཤེར་བྱེད་སྐབས། སྤྱིར་ན“སུས་འདོད་ཚུལ་བསྟན་ན་དེས་དཔང་རྟགས་འདོན་དགོས་པའི”རྩ་དོན་གཞིར་བཟུང་དགོས། ཕེང་ཡུས་ཀྱི་གྱོད་གཞིའི་གནད་དོན་ཆེ་ཤོས་ཤིག་ནི་དཔང་རྟགས་འདོན་པའི་རྩ་དོན་ལས་འགལ་བ་དེ་རེད།

དམངས་དོན་བྱ་སྤྱོད་སྤེལ་ནུས།

སྤྱི་དམངས་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ནི་སྐྱེས་པ་ནས་ཤི་བའི་བར་ཡིན། རང་རྒྱལ་དུ་ལོ་8མན་གྱི་སྤྱི་དམངས་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་ཁོངས་སུ་བརྩི་གི་ཡོད།

མིང་གྲགས་ཀྱི་ཁེ་དབང་།

མིང་གྲགས་ཀྱི་ཁེ་དབང་ནི་སྤྱི་དམངས་ལ་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཆོག་པའི་ཁེ་དབང་ལ་ཟེར། དཔེར་ན་རྐུན་མ་སུ་ཡིན་མིན་ཕྱིར་གྱར་བ་དེས་ཁོ་པའི་མིང་གྲགས་ཀྱི་ཁེ་དབང་ལ་གནོད་པའི་ཁོངས་སུ་གཏོགས་སམ། མི་གཏོགས་ཏེ། རྐུན་མས་མི་གཞན་གྱི་རྒྱུ་དངོས་བརྐུས་པ་དེ་ནི་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱིས་ཁས་མི་ལེན་པའི་བྱེད་སྤྱོད་ཡིན་སྟབས། སྤྱི་ཚོགས་ཐོག་རྐུན་མའི་མིང་གྲགས་བརྫད་པ་དེ་ལུགས་དང་མཐུན་པ་ཞིག་ཡིན་ཞིང་། སྤྱི་ཚོགས་ཁོར་ཡུག་ཁྲོད་དུའང“སྤྱོད་གྲགས་གཉིས་ལྡན”གྱི་རྐུན་མ་ཞེས་པ་ཐོན་དུ་འཇུག་མི་སྲིད།

སྒེར་དོན་གསང་བའི་དབང་ཆ།

སྒེར་དོན་གསང་བའི་དབང་ཆ་ཞེས་པ་ནི་སྤྱི་དམངས་ཀྱིས་མི་སྒེར་གྱི་དམིགས་བསལ་གྱི་ཆ་འཕྲིན་མི་གཞན་ལ་གསང་བའི་དབང་ཆ་ཡོད། སྔར་བཞིན་རྐུན་མ་དཔེ་བཞག་ནས་བརྗོད་ན། དེའི་ཐོབ་ཐང་ཁྱབ་བསྒྲགས་བྱས་ན་དེའི་གསང་དོན་ལ་བཙན་གནོད་བྱས་ཡོད་དམ་ཟེར་ན། བྱས་མེད། རྐུན་མ་རང་གི་ངོས་ནས་བཤད་ན། ཁོས་རང་གི་ཐོབ་ཐང་གཞན་གྱིས་ཤེས་སུ་འཇུག་འདོད་མེད། འོན་ཀྱང་སྤྱི་དམངས་ཀྱི་ངོས་ནས་བཤད་ན། ཁོའི་ཐོབ་ཐང་ཤེས་པ་ནི་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་སྲུང་བའི་ཆ་ཤས་ཤིག་ཡིན། བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པའི་ཁེ་ཕན་ལ་བསམ་གཞིག་བྱེད་པའི་ཐད་བཅའ་ཁྲིམས་ཀྱིས་སྤྱི་དམངས་ཀྱི་གནས་ཚུལ་ཤེས་དབང་ལ་སྲུང་སྐྱོབ་བྱེད་པར་དེ་བས་ཕྱོགས་ཀྱི་ཡོད།

སློབ་ཆེན་སློབ་མའི་ཞོར་ལས།

སློབ་ཆེན་སློབ་མས་ཞོར་དུ་ལས་ཀ་སྒྲུབ་པར་ངལ་རྩོལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐུབ་ཀྱི་མེད། འོན་ཀྱང་ངལ་རྩོལ་བཅའ་ཁྲིམས་ཁོ་ནར་བལྟས་ན་མི་འགྲིག ངལ་རྩོལ་བཅའ་ཁྲིམས་ནི་དམིགས་བསལ་གྱི་བཅའ་ཁྲིམས་ཙམ་ཡིན། ངལ་རྩོལ་བཅའ་ཁྲིམས་སྤྱོད་རྒྱུར་མི་འཚམ་ན་ང་ཚོས་ད་དུང་བཅའ་ཁྲིམས་གཞན་དག་སྤྱོད་ཆོག་པ་སྟེ།

ངལ་རྩོལ་གྱི་འབྲེལ་བ་མིན་ན་གླ་པའི་འབྲེལ་བ་ཡིན་ཆོག་པས་དམངས་ཁྲིམས་ཀྱི་སྤྱི་སྲོལ་སྤྱོད་ཆོག

གླ་པའི་འབྲེལ་བ་མིན་ན་གན་རྒྱའི་འབྲེལ་བ་ཡིན་ཆོག་པས་གན་རྒྱའི་བཅའ་ཁྲིམས་སྤྱོད་ཆོག

གན་རྒྱའི་འབྲེལ་བ་མིན་ན་དབང་གནོད་ཀྱི་འབྲེལ་བ་ཡིན་ཆོག་པས་དབང་གནོད་ཀྱི་འགན་འཁྲིའི་བཅའ་ཁྲིམས་སྤྱོད་ཆོག

དཔང་རྟགས་ཉར་ཚགས་ཡག་པོ་བྱེད་དགོས།

ཨུ་ཚུགས་ཆང་འཐུང་ལས་དབང་གནོད་བྱེད་པ།

ཆང་འཐུང་བར་དགའ་བའི་མི་རྣམས་ཀྱིས་དོ་སྣང་བྱེད་དགོས་པ་ཞིག་ལ། ཆང་འཐུང་རྒྱག་སྐབས་མི་གཞན་ཆང་འཐུང་འདོད་མེད་ཀྱང་ཁྱེད་ཀྱིས་སྔར་བཞིན་ཆང་འཐུང་བར་སྐུལ་ནས་ཕ་རོལ་པོའི་མི་ལུས་ལ་གནོད་འཚེ་ཕོག་ཚེ་ཁྱེད་ཀྱིས་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས།

གཏུག་བཤེར་གྱི་གྲོན་དངུལ་དང་ཁྲིམས་ རྩོད་པའི་གྲོན་དངུལ།

གཏུག་བཤེར་གྱི་གྲོན་དངུལ་དང་ཁྲིམས་རྩོད་པའི་གྲོན་དངུལ་ནི་མི་མང་པོ་ཞིག་གི་ཞུ་གཏུག་མ་བརྒྱབ་གོང་གི་འགོག་རྐྱེན་དང་པོ་ཡིན། གལ་ཏེ་ཁྱོད་ཀྱི་ལག་ཏུ་དཔང་རྟགས་ཁུངས་བཙན་ཡོད་ན། དོན་དངོས་སུ་སེམས་ཁྲལ་བྱེད་དགོས་མེད། ཁྲིམས་ཁང་གིས་བསྡུས་པའི་གཏུག་བཤེར་གྲོན་དངུལ་དེ་གཏུག་བཤེར་ཕམ་མཁན་ཕྱོགས་ཀྱིས་འགན་འཁུར་དགོས། ཁྲིམས་རྩོད་པའི་འགྲོ་གྲོན་ནི་ཁྱོད་ཀྱི་བུན་དབང་མངོན་འགྱུར་བྱེད་པའི་འགྲོ་གྲོན་དུ་བརྩི་ཆོག་པས། དེ་དང་འདྲ་བར་ཕ་རོལ་པོར་འགན་འཁུར་དགོས་པའི་རེ་བ་བཏོན་ཆོག(གན་རྒྱའི་ནང་དུ་ཁ་ཆད་བྱས་ཡོད་པ)

ཐུན་མོང་ཐོག་ཉེས་པ་གསོག་པ།

ཉེས་ཁྲིམས་ཁྲོད་དུ་ཐུན་མོང་ཐོག་ཉེས་པ་གསོག་པ་ནི་ཉེས་ཁྲིམས་ཀྱི་རྡུང་རྡེག་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་གཏན་འབེབས་ཤིག་ཡིན། ཐུན་མོང་ཐོག་ཉེས་པ་གསོག་པར་གཏན་འཁེལ་བྱས་པའི་མི་དང་ལག་བསྟར་བྱེད་མཁན་གཉིས་ཀྱི་ཉེས་པ་གཅིག་མཚུངས་ཡིན།

དཔེར་ན། ཀ་པ་དང་ཁ་པ་གཉིས་ཀྱིས་མཉམ་དུ་འཕྲོག་བཅོམ་བྱ་རྒྱུའི་ཁ་ཆད་བྱས་ཏེ། ལམ་བར་དུ་ཀ་པ་གྲོད་ཁོག་ན་ནས་ཁ་བྲལ་དགོས་བྱུང་བ་དང་། ཁ་པས་ཁེར་རྐྱང་དུ་ག་པར་འཕྲོག་བཅོམ་བྱས་ཡོད། དེའི་སྐབས་སུ་ཀ་པས་དངོས་སུ་འཕྲོག་བཅོམ་བྱས་མེད་ཀྱང་འཕྲོག་བཅོམ་བྱས་ཉེས་ཀྱི་འགན་འཁྲི་འཁུར་དགོས། དེར་བརྟེན། གྲོགས་པོ་སྒྲིག་ན་ངེས་པར་དུ་བློས་འགེལ་རུང་བའི་མི་དང་གྲོགས་པོ་སྒྲིག་དགོས།

རྒྱུ་ནོར་གཞུང་བཞེས་གཏོང་བ།

ཁྱེད་ཀྱིས་བརྙན་འཕྲིན་ལྟ་སྐབས་ཉེས་གསོག་དོགས་ཅན་ཆེ་གེ་མོར་ཁྲིམས་ཐག་བཅད་པ་དང་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་བ་མཐོང་སྐབས། ཁྱེད་ཀྱིས་དེའི་རྒྱུ་རྐྱེན་གང་ཡིན་མིན་ཤེས་སམ།

“འདིར་གཞུང་བཞེས་བཏང་བ་ནི་ཁྲིམས་མཐུན་རྒྱུ་ནོར་གཞུང་བཞེས་བཏང་བ་ཡིན་པ་ལས། ཉེས་པ་བསགས་ནས་ཐོབ་པའི་རྒྱུ་ནོར་དེ་ཁྲིམས་ཆད་མ་བཏང་གོང་ཚང་མ་བསྡུ་ལེན་བྱས་ཟིན་ཡོད”

དཔེར་ན། ཉེས་གསོག་པ་ཀྲང་སན་གྱིས་ས་ཁང་བདག་ཁོངས་གཉེར་སྐྱོང་བྱས་ནས་ཁྲིམས་མཐུན་ཐོབ་ཆ་སྒོར་ཁྲི་100རག་པ་དང་ཁྲིམས་དང་མ་མཐུན་པར་གཉེར་སྐྱོང་བྱས་ནས་ཐོབ་ཆ་སྒོར་ཁྲི་10རག་ཡོད། འདིར་སྒོར་ཁྲི་10ཁྲིམས་ཆད་མ་བཅད་གོང་ནས་བསྡུ་ལེན་བྱས་ཟིན་པ་དང་། ཁྲིམས་མཐུན་གྱི་ཐོབ་ཆ་སྒོར་ཁྲི་100ཉེས་ཁྲིམས་ལག་ལེན་བསྟར་སྐབས་གཞུང་བཞེས་གཏོང་གི་ཡོད།

སྲོག་ཆད་དུས་འགྱངས།

མི་མང་པོ་ཞིག་གིས་སྲོག་ཆད་དུས་འགྱངས་ཟེར་བ་གང་ཞིག་ཡིན་པ་ཤེས་ཀྱི་མེད། མི་ཆེ་གེ་མོ་ཞིག་ལ་སྲོག་ཆད་དུས་འགྱངས་བྱས་འདུག་ཅེས་ཤོད་ཀྱི་ཡོད། དོན་དངོས་ཐོག་སྲོག་ཆད་དུས་འགྱངས་ནི་ཁྲིམས་ཆད་མིན་པར་སྲོག་ཁྲིམས་ལག་བསྟར་བྱེད་སྟངས་ཤིག་རེད། སྲོག་ཆད་དུས་འགྱངས་ལ་ཡང་དག་པའི་གོ་བ་ལེན་སྟངས་ནི། མི་ཆེ་གེ་མོར་སྲོག་ཆད་བཅད་མོད། འོན་ཀྱང་ལག་བསྟར་ཕྱིར་འགྱངས་བྱེད་པ་དེ་རེད།

ར་བཟི་བའི་ཉེས་དོན་འགན་འཁྲི།

ར་བཟི་བར་ལུས་ཁམས་རང་བཞིན་གྱི་ར་བཟི་བ་དང་ནད་ལུགས་རང་བཞིན་གྱི་ར་བཟི་བ་གཉིས་ཡོད། ལུས་ཁམས་རང་བཞིན་གྱི་ར་བཟི་བར་ཉེས་དོན་འགན་འཁྲི་འཁུར་དགོས། ནད་ལུགས་རང་བཞིན་གྱི་ར་བཟི་བ་ནི་སྨྱོ་ནད་ལ་གཏན་འཁེལ་བྱས་པས་ཉེས་དོན་འགན་འཁྲི་འཁུར་དགོས་མེད། འོན་ཀྱང་། རྐང་བཙུགས་ནས་ནད་ལུགས་རང་བཞིན་གྱི་ར་བཟི་སྟེ་ཉེས་པ་བསགས་པའི་གནས་ཚུལ་འོག ཉེས་དོན་འགན་འཁྲི་འཁུར་དགོས།

བྱིས་པ་འཚུབ་ཐེར་གྱི་ཕ་མའི་སྐོར།

དེ་སྔ་ཏུའུ་པན་གྱི་དྲ་ཚིགས་ནས་གནས་ཚུལ་ཞིག་མཐོང་བ་སྟེ། བྱིས་པ་འཚུར་ཐེར་ཞིག་གིས་ཁོའི་མ་སྤུན་གཅེན་མོའི་སྒོར་ཁྲི་2ལྷག་ཙམ་རི་བའི་ཉན་བྱེད་འཕྲུལ་ཆས་ཤིག་ལ་སྐྱོན་བཏང་འདུག གནས་ཚུལ་ཞིབ་ཕྲ་ངས་དྲན་གྱི་མི་འདུག འོན་ཀྱང་གྱོད་གཞི་དེ་རིགས་ཀྱི་ཁྲོད་བྱིས་པ་འཚུབ་ཐེར་གྱི་ཕ་མ་རང་སར་ཡོད་པ་དང་། མ་ཟད་རིན་ཐང་ཧ་ཅང་ཆེན་པོ་ཡིན་པ་ཤེས་བཞིན་དུ་ཕ་མས་བྱིས་པ་འཚུབ་ཐེར་ལ་བཀག་འགོག་མ་བྱས་པ་ལས་རྒྱུ་ནོར་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཚེ། བྱིས་པ་འཚུབ་ཐེར་གྱི་ཕ་མས་འགན་མི་འཁུར་བའི་ཉེས་པ(ཉེས་གསོག་རིགས་གཞན་དག་ཚུད་པ)བསགས་པར་བརྩི་ཆོག

བྱ་བ་མི་བྱེད་པའི་རྐང་བཙུགས་ནས་མི་བསད་པའི་ནག་ཉེས།

དེ་ཡང་རྒྱུན་དུ་ཤོད་པའི་སྐད་ཆ་སྟེ། དགའ་རོགས་ལ་ང་དང་རང་གི་ཨ་མ་མཉམ་དུ་ཆུར་ལྷུངས་ཚེ། རང་གིས་སྔོན་ལ་སུ་སྐྱོབ་རྩིས་ཡོད་དམ་ཞེས་པའི་དྲི་བ་དེ་རེད།

གལ་ཏེ་ཁྱོད་ཀྱིས་ཉེས་ཁྲིམས་ཅུང་ཟད་ཤེས་ཀྱི་ཡོད་ན། ངེས་པར་དུ་སྔོན་ལ་རང་གི་ཨ་མ་སྐྱོབ་དགོས། བཅའ་ཁྲིམས་ཐོག རང་གི་ཕ་མར་བཀུར་བསྟི་ཞབས་ཏོག་བྱེད་པའི་འོས་འགན་ཡོད། དེར་བརྟེན་ཕ་མ་ཉེན་ཁའི་གནས་སུ་གྱར་སྐབས། ཁྱེད་ལ་ཁྲིམས་བཀོད་ལྟར་རོགས་སྐྱོབ་འོས་འགན་ཡོད། གལ་ཏེ་རོགས་སྐྱོབ་བྱེད་ཐུབ་ཀྱང་མ་བྱས་པར་ཤི་བའི་མཇུག་འབྲས་ཐོན་ཚེ། བྱ་བ་མི་བྱེད་པའི་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་སུ་གྱུར་སྲིད། འོན་ཀྱང་དགའ་རོགས་སྐྱོབ་པ་དེ་ནི་ཀུན་སྤྱོད་ཀྱི་འོས་འགན་ཁོ་ན་ཡིན་པས། མ་བསྐྱབ་ནའང་ཁྲིམས་ལས་འགལ་མེད།

གལ་ཏེ་གཉེན་སྒྲིག་ལག་ཁྱེར་བླངས་ཡོད་ན། ཟུར་འབྱེད་དབྱེ་ཞིབ་བྱེད་དགོས་པ་སྨོས་མེད་ཡིན་པས། གཉིས་ཀ་སྐྱོབ་དགོས། གནས་ལུགས་དེ་དང་འདྲ་བར། རང་གི་ཕྲུ་གུ་དང་མི་གཞན་གྱི་ཕྲུ་གུ་ཆུར་ལྷུང་སྐབས། སྔོན་ལ་རང་གི་ཕྲུ་གུ་སྐྱོབ་དགོས།