འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས13ཉིན། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལས་གྲྭ་གལ་ཆེན་དང་རང་རྒྱལ་གྱིས་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་ཨར་འདམ་འཁྱོག་ཟུང་གཞུ་རགས་གློག་ཁང་སྟེ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་ཆུ་སྒོ་ལེགས་གྲུབ་ལྡན་པའི་ངང་ཕབ་སྟེ་ཆུ་བསགས་པ་དང་གློག་འདོན་འཕྲུལ་འཁོར་ཁག་དང་པོ་སྤྱོད་འགོ་ཚུགས་ནས་གློག་གཏོང་འཁོར་སྐྱོད་ཀྱི་གྲ་སྒྲིག་དུས་མཚམས་སུ་དངོས་སུ་སླེབས་པ་རེད།
ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནི་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་གོ་འཇོ་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་ཆུ་གཞུང་དུ་གནས་ཤིང་། དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་འཛུགས་སྐྲུན་བྱེད་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་རེད། གློག་ཁང་གནས་ཡུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3000དང་། སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི224 དང་། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར10.8བཅས་ཟིན་གྱི་ཡོད། སྐྲུན་སྒང་གི་མཐོ་ཚད་སྨི217ཡོད་པའི་རགས་ཆེན་ནི་རང་རྒྱལ་གྱིས་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་ཨར་འདམ་འཁྱོག་ཟུང་གཞུ་རགས་ཤིག་རེད།
2022ལོའི་ཟླ8པར་རགས་ཆེན་གྱི་ཨར་འདམ་ལུགས་རྒྱག་འགོ་ཚུགས་པ་དང་། 2025ལོའི་ཟླ9པར་ཆུ་རགས་ཁག་དང་པོའི་རྩེ་བར་ལུགས་བརྒྱབ་ཟིན་པ་དང2025ལོའི་ལོ་མཇུག་ཏུ་འཕྲུལ་ཚན་ཁག་དང་པོ་སྤྱོད་འགོ་ཚུགས་ནས་གློག་གཏོང་རྩིས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་འཛུགས་སྐྲུན་བྱེད་རིང་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གིས་ས་མཐོའི་ས་བབ་མཐོ་བ་དང་། གསོ་རླུང་དཀོན་པ། གྲང་ངར་དང་སྐམ་ཤས་ཆེ་བ་སོགས་ཁོར་ཡུག་ངན་པ་ཁྱད་བསད་ཧུར་ཐག་བྱས་པ་མ་ཟད། ཆུ་རགས་མཐོན་པོའི་ཡོམ་འགོག་དང་། དགུན་དུས་བསྟུད་མར་ཨར་ལས་བྱེད་པ། དྲོད་ཚད་ཚོད་འཛིན་དང་གས་འགོག་སོགས་ལག་རྩལ་གྱི་དཀའ་གནད་ཀྱང་ཁྱད་བསད་བྱས་པ་རེད། རགས་ཆེན་གྱི་ཨར་འདམ་བརྒྱབ་པར་ད་བར་དྲོད་ཚད་ཁྱད་པར་གྱི་རྐྱེན་ལས་གས་སྲུབས་གཅིག་ཀྱང་ཐོན་མེད་པ་མ་ཟད། རིང་ཚད་ལ་སྨི38.1ཡོད་པའི་ཨར་འདམ་གྱི་སྡོང་རྒྱུག་ལེགས་གྲུབ་ལྡན་པའི་ངང་བཏོན་ནས་འཁྱོག་ཟུང་གཞུ་རགས་ཀྱི་ཨར་འདམ་སྡོང་རྒྱུག་ལེན་པའི་འཛམ་གླིང་གི་ཟིན་ཐོ་བཏོད།
ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཡེར་པ་ཐང་གློག་ཁང་སྤྱོད་འགོ་ཚུགས་རྗེས། ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར102ལྷག་ཙམ་ཟིན་པ་དེ་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི400ཙམ་གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི737ཙམ་ཉུང་དུ་གཏོང་ཐུབ་པ་དང་མཚུངས་ཤིང་། དེ་ནས་བཏང་བའི་གློག་ནུས་གཙང་མ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་སྟེ། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆན་ཧྥུ±800ཟིན་པའི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་བརྒྱུད་ཧྭ་ཀྲུང་ས་ཁུལ་དུ་གཏོང་རྒྱུ་ཡིན་པ་དེས་རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ཁྲོན་བོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

