国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月17日

རང་རེའི་གྲོང་ཁྱེར་གྱིས་ཁམས་པའི“སྤུས་ལེགས་དབྱར་རྩྭ་དགུན་འབུའི”འགྲན་སྡུར་སྐབས་གཉིས་པ་གཉེར་བ།

དཔྱད་འདེམས་ཚོགས་པས་དབྱར་རྩྭ་དགུན་འབུར་དཔྱད་བསྡུར་གཏན་འབེབས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས15ཉིན། ཁམས་པའི“སྤུས་ལེགས་དབྱར་རྩྭ་དགུན་འབུའི”འགྲན་སྡུར་སྐབས་གཉིས་པ་དེ་ཆབ་མདོ་གྲོང་ཁྱེར་ཇ་རྟ་ཐང་ཆེན་དུ་གཉེར་བ་རེད། ཐེངས་འདིའི་འགྲན་སྡུར་ནི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མཛུབ་སྟོན་འོག་ཏུ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྣེ་ཁྲིད་དེ་གཙོ་སྒྲུབ་བྱས་པ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གུང་གཞོན་སྡེ་ཚོགས་གྲོང་ཨུད། གྲོང་ཁྱེར་སྤྱི་བདེ་ཅུས་སོགས་ཚན་པ21གིས་ཐུན་མོང་གིས་འགན་སྒྲུབ་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་དབྱར་རྩྭ་དགུན་འབུའི་ཐོན་ལས་སྤེལ་རེས་སྟེགས་བུ་བསྐྲུན་ནས་ཆབ་མདོའི་དབྱར་རྩྭ་དགུན་འབུའི་ཚོང་རྟགས་ཀྱི་ཤན་ཤུགས་དང་ཁྲོམ་རའི་འགྲན་རྩོད་ཆེ་རུ་གཏོང་རྒྱུ་དེ་རེད།

དུས་ཐེངས་སྔོན་མར་ནན་ཏན་གིས་བདམས་གསེས་བྱས་པ་བརྒྱུད། བདམས་ཐོན་པ9ཡིས་སྤུས་ལེགས་དབྱར་རྩྭ་དགུན་འབུ་འཁྱེར་ཏེ་མཐའ་མའི་འགྲན་སྡུར་ནང་ཞུགས་ཡོད། དཔྱད་འདེམས་ཚོགས་ཆུང་ནི་ཀྲུང་གོའི་ཞིང་ལས་སློབ་ཆེན་ལས་གྲྭའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཀོང་ཧུའེ་སོགས་མི་གསུམ་ལས་གྲུབ་པ་ཡིན་ལ། ཁོང་ཚོས་དབྱར་རྩྭ་དགུན་འབུའི་ཁ་དོག་དང་། ཆུ་འདུས་ཚད། ཆེ་ཆུང་དེ་བཞིན་ལྗིད་ཚད་སོགས་ཕྱོགས་མང་པོ་ནས་ཆེད་ལས་དཔྱད་བསྡུར་བྱས་ཡོད་པ་རེད།

ཛ་དྲག་གི་རིམ་པ་བརྒྱུད། སྟེང་ཆེན་རྫོང་ནས་ཡོང་བའི་བདམས་ཐོན་པ་ནོར་ལྷ་ལ“དབྱར་རྩྭ་དགུན་འབུའི་རྒྱལ་པོ”ཞེས་པའི་མཚན་སྙན་ཐོབ་པ་རེད། ཁོས“བྱ་དགའ་ཨང་དང་པོ་ཐོབ་པར་སེམས་ནས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། འདི་ནི་ང་རང་མི་སྒེར་གྱི་གཟི་བརྗིད་ཡིན་པ་མ་ཟད། སྟེང་ཆེན་རྫོང་གི་དབྱར་རྩྭ་དགུན་འབུའི་སྤུས་ཚད་ཀྱི་ཁས་ལེན་ཞིག་དེ་བས་ཀྱང་རེད། རྗེས་མར་ངས་སེམས་ནུས་ཡོད་རྒུ་བཏོན་ནས་དབྱར་རྩྭ་དགུན་འབུ་བསྡུ་བ་དང་ཉར་ཚགས་བྱས་ནས་དབྱར་རྩྭ་དགུན་འབུའི་རྒྱལ་པོ་ཞེས་པའི་མཚན་སྙན་ལྷོད་གཡེང་དུ་མི་གཏོང་བ་ཡིན”ཞེས་སེམས་འགུལ་ཆེན་པོས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་དུས་ཡུན་ཉིན་གསུམ་ཡིན་ཞིང་། དབྱར་རྩྭ་དགུན་འབུའི་དཔྱད་འདེམས་འགྲན་སྡུར་ཆེ་མོ་ལས་གཞན། ད་དུང་སྨྱན་སྦྱོར་གསར་པའི་གློག་ཚོང་ཐད་གཏོང་དང་ཁོངས་བརྒལ་གློག་ཚོང་ཐད་གཏོང་རྩོད་ལེན་འགྲན་སྡུར། “བོད་ཤར་གྱི་སྤུས་ལེགས་དངོས་རྫས”ཁྲོམ་ཚོགས། ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་དཔྱད་རོལ་བགྲོ་གླེང་སོགས་ཀྱི་བྱེད་སྒོ་གཉེར་ཏེ། ཁྱོན་ཡོངས་ནས་ཆབ་མདོའི་དབྱར་རྩྭ་དགུན་འབུ་དང་དེ་བཞིན་དེ་མིན་གྱི་ཐུན་མོང་མ་ཡིན་པའི་ཐོན་རྫས་ཀྱི་ཁྱད་ཆོས་དང་མཛེས་པ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།