སྒྲིག་པ་པོའི་གཏམ། གངས་ལྗོངས་མཐོ་སྒང་གི་ཤར་གྱི་སྒོ་ཆེན་སྟེ་ཆབ་མདོ་ཞེས་པའི་ས་ཆེན་འདིས་ལྗིད་ཆེ་བའི་ལོ་རྒྱུས་བསྣམས་ཡོད་ལ“བོད་ཀྱི་ཨང་དང་པོའི”ངོ་མཚར་ཀྱང་གཏོད་ཡོད། བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་བ་ནས་མི་དམངས་སྨན་ཁང་ཨང་དང་པོའི་བར་དང་། མངགས་གཏོང་ཁང་ཨང་དང་པོ་ནས་སློབ་གྲྭ་ཨང་དང་པོའི་བར་སོགས་ཆབ་མདོ་ནི་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་འཕེལ་རྒྱས་འགྲོ་བའི་སྔོན་སྐྱོད་པ་ཡིན། དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག《ཆབ་མདོའི“བོད་ཀྱི་ཨང་དང་པོ”》ཞེས་པའི་ཆེད་སྒྲིག་བཏོད་ནས་ཆབ་མདོས་བྲིས་པའི་དུས་རབས་གསར་པའི་ལེའུ་ལ་བདེན་དཔང་བྱེད་པ་དང་། ཐུན་མོང་ཐོག་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་ལོ་ཡིན། གངས་ལྗོངས་ས་མཐོའི་རིག་གནས་འཕེལ་རྒྱས་ཀྱི་བརྗིད་ཆེའི་ལམ་བུར་ཕྱིར་མིག་ཅིག་བལྟས་ན། སྟེང་ཆེན་རྫོང་གློག་བརྙན་སྟོན་མཁན་རུ་ཁག་ནི་བོད་ཀྱི་རྫོང་རིམ་པའི་གློག་བརྙན་སྟོན་མཁན་ཐོག་མ་ཡིན་ལ། མུ་ཏིག་ལྟར་འཚེར་བའི་འོད་སྣང་གིས་ས་མཐོའི་རིག་གནས་བྱ་གཞག་གི་འཕེལ་རྒྱས་ལམ་བུར་གསལ་བར་བྱས་པ་དང་། གློག་བརྙན་སྒྱུ་རྩལ་འདི་ཉིད་མཐོ་སྒང་དུ་རྩ་བ་ཚུགས་པ་དང་ཡལ་འདབ་རྒྱས་ནས་འབྲས་བུ་སྨིན་པར་བདེན་དཔང་བྱས་ཡོད།
བཅིངས་འགྲོལ་མ་བཏང་གོང་། སྐོར་སྐྱོད་གློག་བརྙན་སྟོན་མཁན་རུ་ཁག་དང་པོས་སྒྲིག་ཆས་འབྲི་གཡག་འགེལ་ཏེ་ས་བབ་མཐོ་ཚད་སྨི4000ཡན་ཟིན་པའི་ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་ལོ་ཟླའི་འཕྲང་ལམ་རིང་པོ་བརྒལ་བ་དང་། དུས་རབས21པའི་དེ་རིང་། འོད་སྣང་འདིས་དམངས་གཙོ་བཅོས་སྒྱུར་གྱི་ལོ་ཟླ་གསལ་བར་བྱས་པ་དང་།
སྒྱུར་བཅོས་སྒོ་དབྱེའི་དུད་ཁྱིམ་སྟོང་གི་གློག་འོད་ལ་དྲོད་འཁོལ་སྦྱིན་པར་མ་ཟད། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་གི་སང་ཉིན་ལ་འོད་སྣང་བསྩལ་བཞིན་ཡོད།
“ལྕགས་སྒམ་ནང་གི་རོལ་རྩེད”འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་གློག་བརྙན་ལ་བཅངས་པའི་ཆེས་བབ་ཆགས་པའི་འབོད་ཚུལ་ཞིག་ཡིན། བརྙན་རས་དཀར་པོ་འབྲོག་ཐང་དུ་ཐོག་མར་མངོན་པ་དང་། སྤྱིན་ཤོག་གི་སག་སྒྲ་ཡིས་མཐོ་སྒང་གི་ལྷིང་འཇགས་དཀྲོགས་ཏེ་ཕྱི་རོལ་གྱི་འཇིག་རྟེན་རེ་རེ་བརྙན་ཡོལ་ནས་གསལ་ལེར་ཤར་བྱུང་། སྐབས་དེར་བགྲེས་སོང་ཚོས་ལག་ནང་གི་ཕྲེང་བ་བགྲངས་མཚམས་བཞག་པ་དང་། ཕྲུ་གུ་ཚོའི་མིག་ཟུང་ཆེས་ཆེར་གདངས། སྐབས་དེར་ཡུལ་དུས་ཀྱི་བར་ཐག་འོད་དང་གྲིབ་མས་སེལ་ཞིང་རིག་གནས་ཀྱི་སྦྲང་ཆར་བསིལ་མས་སྐམ་ལ་ཉེ་བའི་སེམས་ཀྱི་ཞིང་ས་བརླན་པར་བྱས།
སྤྱིན་ཤོག་གློག་བརྙན་ནས་གྲངས་འཛིན་གློག་བརྙན་བར་དང་། མི11གིས་འབྲི་གཡག་ཁྲིད་དེ་སྐོར་སྐྱོད་གློག་བརྙན་སྟོན་པ་ནས་རྫོང་ཡོངས་ཀྱི་གློག་བརྙན་སྟོན་པའི་ས་ཚིགས165ཁྱབ་པའི་དེང་རབས་ཀྱི་དྲ་རྒྱའི་བར། འགྱུར་ཟིན་པ་ནི་མི་རབས་ནས་མི་རབས་བར་གྱི་གློག་བརྙན་སྟོན་མཁན་ཚོའི་རྒས་ཟིན་པའི་ངོ་གདོང་ཡིན་ལ། རྟག་བརྟན་དུ་གནས་པ་ནི་རྒྱུན་འཁྱོངས་སྐྱོང་རྒྱུ་དེ་རེད། 1986ལོར“གཏན་འཁེལ་གསུམ་དང་འགན་ལེན་གཅིག”གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་སྐབས། གློག་བརྙན་སྟོན་མཁན་ཚོས་རྩམ་པ་དང་སྦྲ་གུར་བསྣམས་ནས་བོད་ཤར་གྱི་ས་ཆེན་རེ་རེར་ཁོ་ཚོའི་ཞབས་རྗེས་དང་གློག་བརྙན་སྒྲིག་ཆས་ཀྱི་གྲིབ་གཟུགས་བཞག་ཡོད།
གློག་བརྙན་ནི་རོལ་རྩེད་ལས་གཞན་ད་དུང་དུས་རབས་ཀྱི་བདེན་དཔང་ཞིག་དེ་བས་ཡིན། 《སྐྲ་དཀར་བུ་མོ》ཡིས་ཞིང་བྲན་ཚོར་གང་ཞིག་ནི་བཅིངས་འགྲོལ་ཡིན་པ་ཤེས་སུ་བཅུག་པ་དང་། 《རླུང་འཚུབ་དྲག་ཆར》གྱིས་མང་ཚོགས་ལ་གང་ཞིག་ནི་གསར་བརྗེ་ཡིན་པ་རྟོགས་སུ་བཅུག
ལོ་ཟླའི་འཁོར་ལོ་འཁོར་ནས2025ལོར་སླེབས་ཀྱང་། གློག་བརྙན་དོ་དམ་ས་ཚིགས་ཀྱི་འགན་འཁུར་བ་གཞོན་པ་སྐྱིད་སྐྱིད་ཀྱིས་སྔར་བཞིན་གློག་བརྙན་སྟོན་མཁན་རུ་ཁག་ཁྲིད་དེ“གློག་བརྙན+སྒྲོག་འགྲེལ”གྱི་རྣམ་པ་གསར་པའི་ཐོག་ནས་བརྙན་རས་དཀར་པོ་དེ་ནི་རིག་གནས་ཀྱི་སྐར་ཁུང་ཙམ་མ་ཟད། སྲིད་ཇུས་ཀྱི་ཁྲིད་སྟེགས་དང་ཚན་རྩལ་གྱི་སློབ་ཁང་ཞིག་ཏུ་དེ་བས་ཆགས་པར་བྱས་ཡོད།
ཁོ་ཚོས་སྤྱིན་ཤོག་གིས་དུས་རབས་ཀྱི་འཕོ་འགྱུར་གླེང་བ་དང་བརྙན་ཡོལ་གྱིས་ཏང་གི་གསུང་སྐད་བརྒྱུད་བསྒྲགས་བྱས་ཏེ། གློག་བརྙན་གྱི་འོད་ཟེར་དེ་མཐོ་སྒང་དུ་སྔར་བས་མཚར་སྡུག་འོད་སྟོང་འབར་བར་བྱས་ཡོད་པ་རེད།
མུན་པ་རུབ་ལ་ཉེ་བ་དང་། སྟོན་འགྲེམས་འཕྲུལ་ཆས་ཀྱི་འོད་ཆུན་གྱིས་མུན་ནག་ལ་ཡང་བསྐྱར་གྱེས་ཕྱག་ཕུལ་ཞིང་ཆ་རྒྱུས་ཡོད་པའི་རོལ་དབྱངས་དེ་མཐོ་སྒང་དུ་ལྷང་ལྷང་དུ་གྲགས། འོད་སྣང་དེའི་ནང་དུས་རབས་ཧྲིལ་པོ་ཞིག་གི་ཞབས་རྗེས་ཉར་ཡོད་ལ། ལོ་ངོ་བཅུ་ཕྲག་རིང་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ཡང་འདུས་ཡོད།
 
             
 
						
						
                
