འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་76འཁོར་བའི་མཚམས་སུ། ཆབ་མདོ་གྲོང་ཁྱེར་གྱིས“རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཡོང་བར་ང་ཡིས་འབད། དུས་རབས་གསར་པའི་ལོ་ཆུང་བཟང་པོ་བརྩོན་ལེན་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་བྱེད་སྒོ་ནང་ཕེབས་ཡོད།
རྔམ་བརྗིད་ལྡན་པའི་རུ་དར་འོག་ཏུ་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མིས་གྲོང་ཁྱེར་གྱི་འགོ་ཁྲིད་ལ་དམར་མདངས་བཀྲ་བའི་སྐེ་དཀྲིས་དམར་པོ་བཏགས་པ་རེད། བྱེད་སྒོ་ནང་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་གསར་པ་རུ་ཁག་ནང་ཞུགས་པའི་མཛད་སྒོ་གཉེར་བ། རྔ་སྦུག་རུ་ཁག་གི་ཉམས་འགྱུར་འགྲེམས་སྟོན་དང་གསར་བརྗེའི་གཏམ་རྒྱུད་མཉམ་སྤྱོད་བཅས་བྱས་ཡོད།
ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིར་དུས་ཆེན་གྱི་རྟེན་འབྲེལ་དང་རུ་མི་གསར་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཚད་མཐོའི་མཐོང་ཆེན་གནང་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གྲུབ་པ་དེས།
ང་ཚོས་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་གྱི་མཐའ་འཁོར་དུ། ལོ་ཆུང་གདོང་ལེན་རུ་ཁག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ལོ་ཆུང་བྱིས་པས་ཏང་གི་བཀའ་ལ་ཉན་པ་དང་། ཏང་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་ལོ་ཆུང་གདོང་ལེན་རུ་མི་ཡིས་ཕུགས་བསམ་ལྡན་པར་བྱས་ཏེ་དད་སེམས་བརྟན་པའི་རྒྱུད་འཛིན་པ་ཞིག་བྱེད་པ་དང་། སློབ་བརྩོན་དོན་འཁྱོལ་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སློབ་མ་བཟང་པོ་ཞིག་བྱེད་པ། སྤྱོད་ལམ་དམ་གཙང་གིས་ཤེས་དཔལ་གཤིས་འཇམ་གྱི་ཕོ་ཉ་ཆུང་ངུ་ཞིག་བྱེད་པ། ལུས་གཞི་བདེ་ཐང་བྱས་ཏེ་སེམས་རྒྱ་ཆེ་ཞིང་བློ་ཁོག་ཡངས་པའི་ལོ་ཆུང་གསར་པ་ཞིག་བྱེད་དགོས་པའི་མངགས་བཅོལ་གནང་ཡོད།
 
             
 
						
						
                

