国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月14日

གངས་ལྗོངས་ས་མཐོར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

——རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པའི་སྐོར་གྱི་སྒྲིལ་གླེང་།

བར་སྐོར་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཛོམས་ནས་མཛའ་མཐུན་འགྲོ་འོང་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ། གསོན་ཉམས་ལྡན་པའི་ཞི་མཐུན་གྱི་མི་རིགས་མཉམ་འདྲེས་ཀྱི་མཛེས་རིས་ཤིག་བྲིས་ཡོད།

2021ལོའི་ཟླ་བ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ལྷ་སའི་གྲོང་ཁུལ་རྙིང་པར་གནས་པའི་བར་སྐོར་ཁྲོམ་གཞུང་དུ་ཕེབས་ཤིང་། ཁོང་གིས“ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ཁྲོམ་གཞུང་ནི་ང་ཚོ་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་རེད། མི་རིགས་ཁག་གི་རིག་གནས་འདི་གར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་ནས་རང་རེའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་འདི་གར་འཆམ་མཐུན་ངང་གནས་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།

2025ལོའི་ཟླ་བ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་བོད་དུ་ཕེབས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

གཙོ་འཛིན་གྱི་བཀའ་སློབ་ཟབ་མོ་དང་ཐུགས་རེ་ཟོལ་མེད་དེ་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བརྟན་པོར་ངེས་པ་དང་འགྱུར་མེད་ཀྱི་དམ་བཅར་བརྩིས་ཡོད་ཅིང་། ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡོད། ད་ཆའི་གངས་ལྗོངས་ས་མཐོར་དྲོ་འཇམ་ཉི་འོད་རབ་ཏུ་འཕྲོས་ཤིང་། གྲོང་གསེབ་དང་འབྲོག་ཁུལ་དུ་སྐྱིད་པའི་དགོད་སྒྲས་ཁེངས་པ་དང་། དེང་རབས་ཅན་གྱི་འཕེལ་རིམ་དང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་ཡག་པོ་ཐུབ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མང་ཚོགས་ཡོངས་ལ་ཕན་པ་ཐོབ་ཡོད།

རིག་གནས་བློ་སྦྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

ཉེ་ཆར། གསར་འགོད་པ་ལྷ་ས་སློབ་འབྲིང་དུ་བསྐྱོད་ཅིང་། སློབ་གྲྭའི་ནང་གཙང་ཞིང་གྲལ་སྟར་འགྲིག་པོ་ཡོད་པ་མ་ཟད། དཔེ་ཀློག་གི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་འོང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲོད་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་དགེ་རྒན་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཟབ་མོ་བརྗོད་པར་ནན་ཏན་ངང་ཉན་བཞིན་འདུག

རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམ་པོར་དམིགས་ནས་བོད་ཀྱི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱས་ཤིང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ནང་དོན་ཟབ་མོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

རིམ་ཁག་སློབ་གྲྭ་ཁག་གིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་པ་དང་། འབྲེལ་ཡོད་ཀྱི་སློབ་ཚན་བཀོད་སྒྲིག་དང་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་སོགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་རྣམས་ཀྱི་སེམས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ས་བོན་སྔ་མོ་ནས་རྩ་བ་ཚུགས་ཏེ་མྱུ་གུ་འབུས་པར་བྱས་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་རྩ་བ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་དང་། དུས་རབས་ཀྱི་འཕོ་འགྱུར། ཏང་ལ་བསྟོད་གླུ་ལེན་པ། མེས་རྒྱལ་ལ་བསྟོད་གླུ་ལེན་པ། འཚོ་བ་གསར་པར་བསྟོད་གླུ་ལེན་པ་བཅས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འབོར་ཆེན་གསར་རྩོམ་བྱས་ཡོད་པ་རེད།

ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་སོགས་ལོ་རྒྱུས་གནའ་ཤུལ་ནས་མངོན་པའི་སྣ་མང་རིག་གནས་མཉམ་འདྲེས་ཀྱི་རྟགས་མཚན་དང་། ལྷ་མོ་དང་གེ་སར་རྒྱལ་པོའི་སྒྲུང་སོགས་མངོན་མིན་རིག་གནས་ཤུལ་བཞག་ཁྲོད་མངོན་པའི་ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་རང་བཞིན་ཚང་མ་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་བརྩེ་དུང་ཟབ་ཏུ་གཏོང་བའི་གསོན་ཉམས་དོད་པའི་སློབ་གཞིར་གྱུར་ཡོད།

“ལོ་ངོ་འདི་དག་གི་རིང་། ང་ཚོས《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས·བོད་ལྗོངས་ཀྱི་བམ་པོ》རྩོམ་བསྒྲིག་དང་། ཆེད་དམིགས་ཚོགས་པ་སྒྲིག་འཛུགས་བྱས་ཏེ‘བོད་ས་གནས་དང་མེས་རྒྱལ་ཀྱི་འབྲེལ་བའི་ལོ་རྒྱུས’ཀྱི་སློབ་ཚན་བཀོད་སྒྲིག་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད”ཅེས་བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིབ་འཇུག་ཁང་གི་ཡོན་ཀྲང་དཔལ་ལྷུན་དགྲ་འདུལ་གྱིས་ངོ་སྤྲོད་བྱེད་ཀྱི་འདུག

སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།

“ད་ཐེངས་ཀྱི་ཞིབ་སྦྱོང་བརྒྱུད་ངས་ཀོང་ཧྥུའུ་རིག་གནས་ཤེས་རྟོགས་ཐུབ་པ་མ་ཟད། ཀོང་ཀྲོའུ་ཡི་གྲོགས་པོ་ཆུང་ཆུང་ཚོས་ང་ཚོ་བོད་རིགས་ཀྱི་རིག་གནས་ལ་རྒྱུས་མངའ་ཐུབ་པ་བྱུང་བས། ངས་བལྟས་ན་དོན་སྙིང་ཧ་ཅང་ཆེན་པོ་འདུག”ཅེས“སེ་འབྲུའི་རྡོག་ལྟར་ཁྱིམ་ཚང་གཅིག་ཏུ་བརྩེ། གདོང་ལེན་རུ་མིས་སེམས་མཐུན་ལག་གདང་སྦྲེལ”གྱི་དགུན་སྒར་བྱེད་སྒོའི་ནང་ཉིང་ཁྲིའི་སྤོ་བོ་རྫོང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ཞིབ་སྦྱོང་ཚོགས་པ་ནས་ཡིན་པའི་འཇམ་དབྱངས་དོན་གྲུབ་ཀྱིས་བློ་སྐྱེད་ཆེན་པོ་ཐོབ་པའི་སྐོར་བརྗོད་ཡོད།

ད་ལོའི་ལོ་སྟོད་དུ། པེ་ཅིང་དུ་གཉེར་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི་2025ལོའི་དུས་ཐེངས་གཉིས་པའི་ཉམས་ལེན་རྣམ་གྲངས་རེས་སྐོར་འགྲེམས་སྟོན་བྱེད་སྒོའི་ནང་ཐང་ག་དང་གཟིམ་སྤོས་བཟོ་སྟངས་སོགས་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་རྣམ་གྲངས་ལ་ལྟད་མོ་བ་ཁྲི་ཕྲག་ཁ་ཤས་ཀྱི་ཡིད་དབང་བཀུག་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་བརྩེ་དུང་ཟབ་མོ་མངོན་ཡོད།

“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་རྣམ་གྲངས་ཀྱིས་ལོ་ལྟར་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་འཐུས་མི་དང་། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་རྟོག་ཞིབ་དང་སློབ་སྦྱོང་ལ་བསྐྱོད་ནས་མེས་རྒྱལ་གྱི་འཕེལ་རྒྱས་དངོས་སུ་དཔང་པོ་བྱས་པས། ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་། གཏོགས་སེམས། སྤོབས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

“བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོ”ཡིན་པའི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོས་ཐུན་མིན་གྱི་གསར་བརྗེའི་ཐོན་ཁུངས་དང་། མཛེས་སྡུག་ལྡན་པའི་གཙང་པོའི་མཛེས་ལྗོངས། བོད་ཡུལ་གྱི་ཡུལ་སྲོལ་གོམས་འདྲིས་ཟབ་མོ་བཅས་ལ་བརྟེན་ནས། བོད་དུ་སྐྱོད་མཁན་ཡུལ་སྐོར་བ་ཚོ་ངེས་པར་དུ་སྐྱོད་སའི་གནས་ཤིག་ཏུ་འགྱུར་བར་བྱས་ཡོད།

དམངས་འཚོ་ལེགས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོཌ་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་པ།

ད་ལོའི་ཟླ་བ་དང་པོར་གཞིས་རྩེའི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་ཟིང་དཀར་གྲོང་ཚོའི་ཡུལ་མི་ཟླ་བ་ཚེ་རིང་ཁྱིམ་གྱི་ཁང་པར་གཏོར་སྐྱོན་ཆེན་པོ་བྱུང་ཡོད། “སྟབས་ལེགས་པ་ཞིག་ལ་རྒྱལ་ཡོངས་ས་གནས་ཁག་གི་སྤུན་ཟླ་ཚོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པར་བརྟེན། ང་ཚོ་ཁང་པ་གསར་པར་མགྱོགས་པོ་འདི་འདྲ་སྤོ་ཐུབ་བྱུང”ཟླ་བ་བརྒྱད་པར་ང་ཚོ་ནང་མི་རྣམས་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས་ནས་བརྙན་འཕྲིན་གྱི་ཐད་གཏོང་བརྒྱུད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་བལྟས་པ་ཡིན་ཞེས་ཟླ་བ་ཚེ་རིང་གིས་གསར་འགོད་པར་བཤད།

མཐའ་མཚམས་ལམ་ཐིག་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཟིན་པའི་མངའ་རིས་ས་ཁུལ་དུ་ཉེ་བའི་ལོ་ཤས་རིང་མཐའ་མཚམས་སྲ་བརྟན་དང་། དར་རྒྱས། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། མཐའ་མཚམས་ཤང་དང་གྲོང་རྡལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་དང་། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྤུ་ཧྲེང་གི་རྩམ་པ་དང་། རྩྭ་མདའི་ཀུ་ཤུ། སྒར་གྱི་སྔོ་ཚལ། རུ་ཐོག་གི་ཁུ་ལུ་དཀར་པོའི་ར་སོགས“རྫོང་རེར་སྤུས་རྟགས་རེའི”མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད།

རྒྱལ་ཡོངས་སུ་སྔོན་ལ་ལོ་15རིང་གི་གཞུང་གྲོན་སློབ་གསོ་དང་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་བཙུགས་པ་དང་། ལོ་ལྟར་རྒྱུན་གཏན་ཅན་གྱི་སྒོ་ནས་རིན་མེད་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་བྱས་ཏེ། ཐུམ་བུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་དང་དེ་བཞིན་བྱིས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དང་ཞིང་འབྲོག་མང་ཚོགས་ཀྱི་སྐྱ་འགྲིབ་སོགས་ལ་གཅིག་སྡུད་སྐྱོབ་བཅོས་བྱས་པ། ས་མཐོར་འཚམ་པའི་ཐབ་ཆས་གསར་པའི་ཐོན་རྫས་བཏོན་ཏེ། སྲོལ་རྒྱུན་ཐབ་ཆས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་དེ་བཞིན་བྱེད་ནུས་ཀྱི་ཞན་ཆ་བསལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་དུ་སོང་བ། མཐའ་མཚམས་འཕེལ་རྒྱས་ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་སོགས་ཕན་བདེའི་ལས་ཀ་མང་པོ་བསྒྲུབས་ཡོད།