国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月14日

ལའོ་ཆིན་འུའུ་ཡིས་ངག་དབང་ལུག་སྦྲུམ་རྟེན་རྟེན་གཞིར་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས9ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ངག་དབང་ལུག་སྦྲུམ་རྟེན་རྟེན་གཞིར་རྟོག་ཞིབ་གནང་ཞིང་། ས་གནས་ས་ཐོག་ཏུ་ཞིང་འབྲོག་ལས་རིགས་ཀྱི་ཐོན་ལས་ཞིབ་འཇུག་གྲུབ་འབྲས་ལ་ལྟ་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད། ཧྲེ་ཀྲང་གཞོན་པ་ཝང་ཝུན་ཧྲན་ལྷན་དུ་རྟོག་ཞིབ་ནང་ཞུགས་ཡོད།

ངག་དབང་ལུག་སྦྲུམ་རྟེན་རྟེན་གཞི་རུ། ལའོ་ཆིན་འུའུ་ཡིས་ཞིང་འབྲོག་ལས་རིགས་ཀྱི་ཐོན་ལས་ཞིབ་འཇུག་གྲུབ་འབྲས་ལ་ལྟ་ཞིབ་དང་། ཆབ་མདོའི་ཁྱད་ལྡན་ཞིང་འབྲོག་ལས་རིགས་ཀྱི་སོན་སྤུས་ཐོན་ཁུངས་སྲུང་སྐྱོབ་དང་། གསར་སྤེལ་དེ་བཞིན་བཀོལ་སྤྱོད་བཅས་ཀྱི་གྲུབ་འབྲས་སྙན་སེང་ལ་གསན་པ། ནས་དང་། རྒུན་འབྲུམ། འབྲི་གཡག་སོགས་ཀྱི་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་དང་དེ་བཞིན་བློ་རིག་འདེབས་འཛུགས་དྲ་ཐོག་སྟེགས་བུ་བཅས་ལ་ལྟ་ཞིབ་གནང་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག ལའོ་ཆིན་འུའུ་ཡིས་རྟེན་གཞིའི་མ་ལག་འཛུགས་སྐྱོང་ཆེ་རུ་གཏོང་དགོས་ཤིང་། “ལྗོངས་ཡོངས་ཀྱི་ཨང་དང་པོའི”ཚད་གཞི་ལྟར་གསོ་སྤེལ་རྟེན་གཞི་འཆར་འགོད་དང་ཇུས་འགོད་བྱས་ཏེ། གཞི་ཁྱོན་དང་། དམིགས་ཡུལ། ལས་འགན་བཅས་ཁ་གསལ་བཟོ་དགོས། སྒྲིག་གཞི་སྒྲིག་སྲོལ་གྱི་གནད་དོན་སེལ་དགོས་ཤིང་། ཆེད་ལས་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ཏེ་ཚད་གཞི་མཐོ་བའི་ཐོན་ལས་རྟེན་གཞི་གཏོད་དེ། ཐོན་ལས་སྦྲེལ་ཐག་ཧྲིལ་བོར་རྨང་གཞི་བརྟན་པོ་མཁོ་འདོན་བྱེད་དགོས། ཚན་རྩལ་འདེགས་སྐྱོར་གྱི་སྟེགས་བུ་བསྐྲུན་དགོས་ཤིང་། ནས་དང་། འབྲི་གཡག ལུག་བཅས་ཀྱི་ཚན་རྩལ་གསར་པའི་ཆེད་དོན་ཚོགས་ཆུང་བཙུགས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་བཙུགས་རྒྱུར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།